བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ7.0བྱུང་བའི་ཐད་ལ་རོགས་སྐྱོབ་ལས་དོན་ཧུར་ཐག་སྒོས་སྤེལ་བཞིན་ཡོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ7.0བྱུང་བའི་ཐད་ནས་ཉེན་སེལ་རོགས་སྐྱོབ་བྱ་བ་དམ་འཛིན་སྒོས་སྤེལ་བཞིན་ཡོད་ཅིང་། ཟླ10པའི་ཚེས23ཉིན་གྱི་ཕྱི་དྲོའི་དུས་ཚོད1བར་དུ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ7.0བྱུང་ནས་མི16རྐྱེན་ལམ་དུ་ཤོར་བ་དང་མི76ལ་རྨས་སྐྱོན་ཕོག་ཡོད།

ཐེངས་འདིའི་ས་ཡོམ་གྱི་རིམ་པ་མཐོ་བ་དང་ཡོམ་ཁུངས་ཀྱི་གཏིང་ཐུང་བའི་དབང་གིས། ཡོམ་ལྟེའི་དཀྱིལ་སྙིང་ས་ཁོངས་ཀྱི་ཁང་པ་ཁག་ཅིག་རྡིབ་པ་དང་གློག་ཤུགས་འཕྲིན་གཏོང་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་ཡོད། མིག་སྔར་བོད་ལྗོངས་ཀྱིས་ཁྱོན་བསྡོམས་རིགས་སོ་སོའི་རོགས་སྐྱོབ་སྟོབས་ཤུགས5000ལྷག་ཙམ་བཏང་བ་དང་། རོགས་སྐྱོབ་མི་སྣས་ཁྱིམ་ཚང་དང་ས་ཚིགས་རེ་རེ་བཞིན་གཅིག་ཀྱང་མ་བསྐྱུར་བའི་སྒོ་ནས་འཚོལ་སྐྱོབ་བྱས་ཡོད། ནུབ་རྒྱུད་གཡུལ་ཁུལ་མཉམ་འབྲེལ་མཛུབ་སྟོན་ལྟེ་གནས་ཀྱི་བཀོད་འདོམས་ཁོངས་གཏོགས་དཔུང་སྡེ་གནོད་འཚེ་ཕོག་པའི་སྡེ་བ་དང་གྲོང་རྡལ་དུ་བསྐྱོད། བོད་ལྗོངས་དམག་ཁུལ་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་དཔོན་དམག་བཏང་ནས་ཉིན་མཚན་ལྟོས་མེད་ཀྱིས་གནོད་ཐེབས་ས་ཁུལ་དུ་བསྐྱོད་དེ་ཉེན་སེལ་རོགས་སྐྱོབ་བྱས། དེ་རིང་གི་ཐོ་རེངས་སུ། རོགས་སྐྱོབ་མི་སྣས་སྦྲ་ཆེན་རྫོང་དམར་རུ་ཞང་ནས་ཉེན་ཁའི་གནས་སུ་ལྷུང་བའི་མི་སྣ་ཞིག་བདེ་བླག་ངང་བསྐྱབས།

གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ལས་དོན་དུས་གཅིག་ཏུ་སྤེལ། ཀྲུང་དབྱང་དང་རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་གནོད་སེལ་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་གནོད་འཚེ་ཕོག་པའི་ས་ཁུལ་དུ་སྐྱེལ་བཞིན་ཡོད་ཅིང་།དེའི་ནང་ཤིང་ལེབ་ཀྱི་ཁང་པ་དང་རས་གུར། སྲིང་བལ་གྱི་ཉལ་ཐུལ། སྲིང་བལ་གྱི་དོར་མ་སོགས་ཡོད།

སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཀུའུ་ཅུན་ལིང་གིས་བཤད་རྒྱུར། གནས་འདི་ནི་དམར་རུ་ཞང་གི་སྡེ་བ2པ་ཡིན་པ་དང་། ང་ཚོས་གནས་འདི་གར་སྟབས་བདེའི་ཐུག་པ་དང་ད་དུང་གཏེར་ཆུ་སོགས་གནོད་སྐྱོབ་དངོས་ཟོག་མང་པོ་སྤུངས་ཡོད་པ་མཐོང་ཐུབ།ང་ཚོས་འདིའི་ཕྱོགས་སུ་བལྟས་ན། རས་གུར་ཆེ་ཆུང་བཅུ་ཕྲག་འགའ་ཕུབ་ཡོད་པ་མཐོང་ཐུབ། སྡེ་བའི་ནང་གི་ལས་བྱེད་པས་ང་ལ་སྡེ་བ་གཉིས་པའི་འགྲམ་དུ་ཧ་ཅང་ཁོད་སྙོམས་ལ་ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས་ཤིག་ཡོད་པ་དེར་རས་གུར་སྔོན་པོ100ཕུབ་ཡོད་ཟེར།

གནོད་འཚེ་ཚབས་ཆེན་ཕོག་པའི་སྦྲ་ཆེན་རྫོང་དམར་རུ་ཞང་སོགས་སུ་བཀོད་སྒྲིག་བྱ་ཡུལ18བསྐྲུན་ཟིན་པ་དང་། བཀོད་སྒྲིག་བྱ་ཡུལ་གཞན་དག་ཀྱང་གང་མགྱོགས་ངང་བསྐྲུན་ཏེ།བཀོད་སྒྲིག་བྱ་ཡུལ་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཞི་རྩའི་འཚོ་བ་དང་སྨན་བཅོས་སོགས་ཀྱི་འགན་ལེན་ཡོད་པར་བྱས།མིག་སྔར་གནོད་འཚེ་ཕོག་པའི་ས་ཁུལ་དུ་མང་ཚོགས་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱ་ལྷག་ཙམ་གནས་སྤོར་བྱས་ཡོད། 

རྨས་མ་སྐྱོབ་བཅོས་བྱ་བ་ཧུར་ཐག་སྒོས་སྤེལ་བཞིན་ཡོད་ཅིང་།ནག་ཆུ་གྲོང་ཁྱེར་གྱིས་ད་ཆ་ནད་ཐོག་སྨན་བཅོས་དང་འཕྲལ་བཅོས།རུས་ནད་ཚན་ཁག་སོགས་ཀྱི་སྨན་བཅོས་རོགས་སྐྱོབ་མི་སྣ130ལྷག་སྐོང་འཐེན་བྱས་ནས། འཕྲལ་བསྟུན་སྨན་བཅོས་སྨན་རྫས་དང་མྱུར་སྐྱོབ་སྒྲིག་ཆས།ནད་ཡམས་སྔོན་འགོག་གི་འཕྲལ་བསྟུན་དངོས་ཟོག་སོགས་བཀོད་སྒྲིག་བྱས་ཏེ། མྱུར་དུ་ཡུལ་དངོས་སུ་བསྐྱོད་པ་དང་འབྲེལ་ནས་ལྗང་མདོག་མྱུར་སྐྱོབ་བགྲོད་ལམ་བཏོད་དེ།རྨས་སྐྱོན་ཕོག་མཁན་ལ་གནད་ལ་འཁེལ་བའི་ངང་མྱུར་སྐྱོབ་སྨན་བཅོས་བྱས་ཡོད། 

ཟླ10པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ཡི་གཞུང་སྒྲུབ་ཁང་དང་། འཕྲལ་བསྟུན་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ས་ཡོམ་གནོད་འཚེའི་འཕྲལ་བསྟུན་དང་ལེན་གྱི་ཚད་དེ་རིམ་པ་བཞི་པ་ནས་རིམ་པ་གསུམ་པ་རུ་ཇེ་མཐོར་བཏང་ཡོད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་བྱེ་བ་གསུམ་མྱུར་དུ་བཀོད་སྒྲིག་བྱས་ནས།གནོད་འཚེ་ཕོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སོགས་གནོད་འཚེ་ཕོག་རྗེས་ཀྱི་འཕྲལ་བསྟུན་སླར་གསོ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་མྱུར་དུ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གནོད་སེལ་མ་དངུལ་སྒོར་བྱེ་བ་ལྔ་བཏང་ནས། བོད་ལྗོངས་ཀྱིས་ས་ཡོམ་འཕྲལ་བསྟུན་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ལས་དོན་ཚན་ཆུང་ཡུལ་དངོས་སུ་མངགས་ནས། ས་གནས་ཀྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་གཞུང་ལམ་ཤར་གཏོང་འགན་ལེན་སོགས་ཀྱི་ལས་དོན་ཡག་པོར་བསྒྲུབ་རྒྱུར་མཛུབ་སྟོན་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།