ཟླ10པའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གིས་ལག་བསྟར་དོན་འཁྱོལ་བྱ་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁབ་ཐོབ་ནས་ལོ90འཁོར་བའི་རྗེས་དྲན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནས་འགོ་བརྩམས་ཏེ། རྒྱང་སྐྱོད་ཀྱི་རྒྱལ་ཁའི་ཁྲོད་འདུས་པའི་ཏང་དང་མི་དམངས་དམག་དཔུང་གི་ཞུམ་མེད་མདུན་སྐྱོད་བྱས་པའི་རྒྱལ་ཁའི་ཐབས་མཆོག་གསལ་སྟོན་བྱས་པ་དང་། “ངེས་པར་ལྔ”ཡི་བླང་བྱ་གསལ་བོར་བཏོན་ཏེ། ང་ཚོས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས་ལ། ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ཏེ། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་དམར་བའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ་དང་། ཏང་གཤིས་བརྟན་པོ་སྦྱོང་བརྡར་བྱས་ཏེ། འབད་བརྩོན་ལྷོན་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་མགྱོགས་མྱུར་སྒོས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། རྒྱུན་མཐུད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་ཏན་ཏིག་གིས་ཐུན་མོང་ཕྱུག་འགྱུར་ལ་སྐུད་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་། འགུལ་སྐྱོད་བྱེད་མཁན། དངོས་གཉེར་བྱེད་མཁན་བཅས་བྱེད་པ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་དུ་བསྐྱོད་དེ། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་མཐོ་སྒང་གི་ས་གཞི་ཆེན་མོ་འདི་རུ་མུ་ནས་མུ་རུ་རྒྱུན་འཛིན་ཐུབ་པར་བྱེད་དགོས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ཚད་རིམ7.0གི་ས་ཡོམ་བྱུང་བར་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆིང་མཛུབ་སྟོན་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱེད་དགོས་ལ། ཁྱོན་ཡོངས་ནས་གནོན་འཚེའི་གནས་ཚུལ་ལ་གྲལ་བཤེར་བྱས་ནས། མང་ཚོགས་ཀྱི་གནས་སྐབས་བདེ་འགོད་དང་གཞི་རྩའི་འཚོ་བའི་འགན་སྲུང་ལེགས་པོར་སྒྲུབ་དགོས། ཡོམ་འཕྲོའི་འགུལ་རྣམ་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་ས་གཤིས་ཀྱི་གནོད་འཚེ་སོགས་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། གྲང་འགོག་དྲོད་སྲུང་དང་། ཡོམ་འཕྲོ་སྔོན་འགོག ཞོར་ཐོན་གནོད་འཚེ་སྔོན་འགོག་སོགས་ཀྱི་བྱ་བར་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་ལེགས་པོར་སྒྲུབ་དགོས། རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་པ་དང་། དུས་ཐོག་ཏུ་ཡང་དག་པའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས།
གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཝུའུ་ལན་ཁྲ་པུ་རུ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་དང་། སྐབས140པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་ཚོགས་འདུ་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཏན་ཏིག་གིས་འཁུར་ཏེ། སྤུས་ཚད་མཐོ་བའི་ངང་རྒྱལ་ཁབ་སྤྱི་གླིང་བསྐྲུན་ནས“བྱང་གསུམ”བཟོ་སྐྲུན་གྱི་དུས་མཚམས་དྲུག་པའི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མིའི་ཐབས་རིག་ནུས་སོགས་ཨང་རྩིས་ལག་རྩལ་གྱི་བཀོལ་སྤྱོད་ཟབ་སྤེལ་བྱེད་པ། ཐོན་ལས་ཀྱི“གནས་བཞིའི”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་གློག་རྩིས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་རྩིས་ནུས་ལྟེ་གནས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ། རིན་ཐང་མཐོ་བའི་ཁོར་སྲུང་གློག་གཏོང་ཐོན་ལས་ཀྱི་སྦྲེལ་ཐག་ཧུར་ཐག་གིས་བསྐྲུན་པ། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཚུལ་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”དང་ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པའི་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཧུར་ཐག་གིས་མཉམ་འདྲེས་དང་དེར་ཞབས་ཞུ་བྱེད་པ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ནང་ཞུགས་པའི་རྨང་གཞི་དང་བར་སྟོང་སྲ་བརྟན་དུ་གཏོང་བ། ཕྱི་ཕྱོགས་ཉོ་འཚོང་གི་གཞི་ཁྱོན་དང་གཙོ་གཞི་ལྡབ་འཕར་བྱེད་པའི་ལས་གཞི་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པ། མཚོ་སྔོན་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ད་དུང་ཉེ་འཁོར་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅས་ཀྱི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་དགོས།
གྲོས་ཚོགས་ལས་དུས་ཚིགས་སྔོན་མ་གསུམ་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་ཕྱོགས་དང་དུས་ཚིགས་བཞི་བའི་དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་གྲོས་གཞིར་ཉན། ནན་གྱིས་བསྟན་དོན། ད་ལོའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ཀྱི་བརྟན་བརླིང་འཕེལ་རྒྱས་སྲུང་འཛིན་དང་། ཐབས་གསར་སྤུས་ལེགས་ཀྱི་ཕྱོགས་སུ་འཕེལ་རྒྱས་བྱུང་ཡོད། དུས་ཚིགས་བཞི་པའི་ལས་དོན་ཏན་ཏིག་ངང་ལེགས་པོར་སྒྲུབ་དགོས་ལ། ཞིང་ཆེན་ཡོངས་སུ“བསམ་བཀོད་གཅིག”གི་བསམ་བློ་འཛུགས་པ་དང་། སྤྱི་ཡོངས་འདུ་ཤེས་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དཔའ་ངར་ཆེར་སྐྱེད་ཀྱི་མདུན་སྐྱོད་སྙིང་སྟོབས་དང་དངོས་གཉེར་དང་ཉམས་སད་ཐེག་པའི་ལས་ཀའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་པ། བཟོ་ལས་འཕེལ་རྒྱས་ཀྱི་རྩ་གཞུང་བརྟན་བརླིང་ཡོང་བར་ཤུགས་སྣོན་པ། “དྲ་བ་དྲུག”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རིགས་སོ་སོའི་སྲིད་ཇུས་མ་དངུལ་གྱི་བེད་སྤྱོད་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། མ་དངུལ་འཇོག་པ་དང་འཛད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་མཉམ་ལས་ཀྱི་བར་སྟོང་ཧུར་ཐག་གིས་རྒྱ་སྐྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ལས་དོན་ཏན་ཏིག་གིས་སྒྲུབ་པ། དཔལ་འབྱོར་བསྐྱར་འཕར་འཕེལ་ཕྱོགས་བཟང་པོ་མུ་མཐུད་དུ་སྲ་བརྟན་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོར་ཚུགས་པ་དང་གོམ་པ་དང་པོ་བརྟན་པོར་ཚུགས་ཐུབ་པར་འགན་སྲུང་བྱེད་དགོས།
གྲོས་ཚོགས་ལས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་དང་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ལོ་ལྔའི་འཆར་འགོད་དགུ་པ(2026—2030ལོ)》གྲོས་ཞིབ་བྱས་ཏེ་ནན་བཤད་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱ་རྒྱུ་དེ་ཁྲིམས་ལུགས་ཁྱབ་གདལ་གྱི་ལོ་ལྔའི་འཆར་འགོད་དགུ་པའི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་སོ་སོར་ཁྱབ་པ་བྱས་ནས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དེ་ཁྲིམས་ལྟར་བཅོས་སྐྱོང་དང་ཁྲིམས་སྐྱོང་ལག་ལེན་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་ལས་དོན་སྒྲུབ་པའི་ཆུ་ཚད་དང་སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་ཏན་ཏིག་གིས་ཇེ་མཐོར་གཏོང་དགོས།
གྲོས་ཚོགས་ལས་ད་དུང་བྱ་བ་གཞན་དག་ལ་ཞིབ་འཇུག་བྱས།