ཟླ་10ཚེས་17་ཉིན་གྱི་ཕྱི་དྲོར། 2026ལོའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དེ་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ་རེད། ཁྲེང་ཏུའུ་རུ་ཡོད་པའི་ཡུལ་སྐོར་ལས་དོན་ཁང་དང་། ཡུལ་སྐོར་ཀུང་སི། སྒེར་འཁོར་ཡུལ་སྐོར་མཐུན་ཚོགས་སོགས་ཚན་པ་100ལ་ཉེ་བ་དང་། སྨྱན་སྦྱོར་20ལྷག་ཙམ། དེ་བཞིན་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་འོས་སྦྱོར་ཚོགས་འདུར་ཞུགས་ཡོད།

འོས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ་རྣམ་པ་འཁྲུག་ཆ་དོད་ཅིང་ནང་དོན་ཕུན་སུམ་ཚོགས་པ་དང་། གཅིག་སྒྲིལ་རྫོང་རིག་གནས་དང་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས། གཉན་པོ་གཡུ་རྩེའི་འབྱུང་ཁམས་གཟིགས་སྐོར་དང་། རྨ་ཆུའི་ཁུག་པ་རི་ཆུའི་མཛེས་ལྗོངས། མཐོ་སྒང་གི་དམངས་སྲོལ་རིག་གནས་བཅས་ལྟེ་བའི་ཐོན་ཁུངས་ཆེན་པོ་གསུམ་ལ་དམིགས་ཏེ། གཅིག་སྒྲིལ་རྫོང་གི་སྤུས་ལེགས་འབྱུང་ཁམས་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ཐོན་ལས་ཐོན་རྫས་བརྒྱུད་རིམ་ལྡན་པའི་ངང་འོས་སྦྱོར་བྱས་ཐོག ཨ་བི་ཁ་དང་། གཅིག་སྒྲིལ་འབྲི་གཡག མཐོ་སྒང་གི་གྲོ་མ་སོགས་ས་ཁམས་མཚོན་རྟགས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་སྟོན་བྱས་པ་དང་དུས་མཚུངས། སི་ཁྲོན་ཞིན་ཞི་ཧྭ་ཡུལ་སྐོར་ལས་དོན་ཁང་སོགས་མཐུན་ཚོགས་དང་ཁེ་ལས་10ཡི་བར་སྐུ་མགྲོན་གཅིག་སྒྲིལ་དུ་ཡིད་འགུགས་བྱེད་ཅེས་པའི་རིག་གནས་ཡུལ་སྐོར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་དང་། མཚོ་སྔོན་དང་སི་ཁྲོན་གྱི་ཡུལ་སྐོར་སྤུས་དག་སྐོར་ལམ་ཆེན་པོ་མཉམ་སྐྲུན་དང་། རྒྱུན་རྣམ་ཅན་དུ་འགྱུར་བའི་འགྲུལ་ཁུངས་ཕན་ཚུན་སྐྱེལ་རེས། ལམ་ཐིག་མཉམ་སྐྲུན། ཐོན་ཁུངས་མཉམ་སྤྱོད། ཚོང་རྟགས་གྲགས་ཅན་མཉམ་སྤེལ་བཅས་བྱ་རྒྱུ་ཡིན་པ་རེད།


གཅིག་སྒྲིལ་རྫོང་རིག་གནས་ཁང་གི་འགོ་འཛིན་བསམ་གཏན་གྱིས། ད་ཐེངས་ཀྱི་བྱེད་སྒོའི་ནང་མངོན་མིག་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་རིག་གནས་ཐོན་རྫས་དང་རིག་གནས་དང་ཡུལ་སྐོར་ཕྱོགས་ཀྱི་ཚད་ཡོད་ཀུང་སི་མང་པོའི་ཐོན་རྫས་དང་རྣམ་གྲངས་མང་པོ་ཁྱེར་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

བྱེད་སྒོའི་ཡུལ་དངོས་སུ་ཁྱད་ལྡན་རིག་རྩལ་འཁྲབ་སྟོན་དང་རིག་གནས་གསར་གཏོད་འགྲེམས་དངོས། ས་མཐོའི་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་བཅས་ལ་གྲོང་མི་དང་ཡུལ་སྐོར་བས་དགའ་པོ་བྱེད་པ་དང་། མང་ཚོགས་མང་པོ་ཞིག་གི་ཡིད་དབང་བཀུག་ནས་གོམ་པའི་སྤོ་མཚམས་བཞག་ནས་ལྟད་མོ་ལྟ་བ་དང་བློ་འདྲི་འདེམས་ཉོ་བྱས་པས། "འབྱུང་ཁམས་དཔེ་རིས། དག་ཞིང་གཅིག་སྒྲིལ"གི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ནུས་ལྡན་བཏང་ཡོད།
ཁྲེང་ཏུའི་གྲོང་མི་ཝང་ལགས་ཀྱིས། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་དེ་གཅིག་སྒྲིལ་ཞེས་པའི་ས་ཆ་འདིར་ཐེངས་དང་པོ་ཤེས་རྟོགས་བྱུང་། རྗེས་སུ་དེ་གར་འགྲོ་འདོད་ཆེན་པོ་འདུག་ཅེས་བརྗོད།

དེ་ཡང་། གཅིག(གཅིག་སྒྲིལ)འབར་(འབར་ཁམས)མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཆབས་ཅིག ཁྲེང་ཏུའུ་ནས་གཅིག་སྒྲིལ་བར་གྱི་ལམ་ཐག་ཐུང་དུ་ཇེ་ཆེར་འགྲོ་རྒྱུ་མ་ཟད། ཁྲེང་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་ཁུལ་ནང་མཉམ་འདྲེས་ཐུབ་རྒྱུ་རེད་ལ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བ་དག་ཞིང་གཅིག་སྒྲིལ་དུ་བསྐྱོད་རྒྱུའི་ཡིད་དབང་བཀུག་ནས། གཉན་པོ་གཡུ་རྩེའི་རྔམ་བརྗིད་དང་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་རྒྱུ་ཡིན་པ་རེད།