ཚེས22ཉིན་པར་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་སྟེང་སེམས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱང་སྐྱོད་གསར་པར་ཡག་པོར་བསྐྱོད། ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་རྗེས་དྲན་ཞུ་ཞེས་པའི་སྤྱི་ཚོགས་དཔྱད་བརྗོད་སྤེལ།
དཔྱད་བརྗོད་ནང་བསྟན་དོན། ལོ་ཟླས་ཐོག་མའི་བསམ་འདུན་ཞུན་བརྡར་བྱེད། སྙིང་སྟོབས་ཀྱིས་རྒྱང་སྐྱོད་ལམ་བུར་འོད་སྣང་སྦྱིན།
ལོ་ངོ90ཡི་ཡར་སྔོན་དུ། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་བཟོ་ཞིང་དམར་དམག་གི་འགོ་ཁྲིད་དེ་རི་ཀླུང་ཁྲི་སྟོང་བརྒལ་ཞིང་དཀའ་ཉེན་མང་པོ་ལས་རྣམ་པར་རྒྱལ་བར་བྱས་ནས། འཛམ་གླིང་ལ་གཡོ་འགུལ་ཐེབས་ཤིང་ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་རྒྱང་སྐྱོད་རླབས་ཆེན་ལ་རྒྱལ་ཁ་བླངས་ཏེ། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་གསར་བརྗེའི་བྱ་གཞག་དེ་ཉིད་ཕམ་ཉེས་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འཕོ་འགྱུར་རླབས་ཆེན་མངོན་འགྱུར་བྱས།
རི་ཀླུང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡང་སྙིང་སྟོབས་མི་རབས་བར་དུ་རྒྱུན་འཛིན་བྱེད། ལོ90ཡི་རིང་། རྒྱང་སྐྱོད་ཅེས་པའི་བརྗིད་ཆེའི་མཛད་རྗེས་རྡོ་རིང་འདིར་ཉིན་བཞིན་གཟི་བྱིན་རབ་ཏུ་རྒྱས་ནས། མི་རབས་ནས་མི་རབས་བར་གྱི་ཀྲུང་ཧྭའི་བུ་དང་བུ་མོ་ཚོར་འགག་སྒྲོལ་དཀའ་སེལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུར་ལྕག་སྐུལ་བཏང་།
དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁ་ཕྱོགས་སྟོན་པ་དང་། ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ཡོད་པར་རག་ལས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་ཡིན་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་དཀའ་ངལ་ཁྱད་བསད་དང་བརྟན་ཐོག་རྒྱང་བསྐྱོད་ཐུབ་པ་ཡིན།
རྒྱང་སྐྱོད་གསར་པར་ཧུར་བརྩོན་གྱིས་མདུན་དུ་བསྐྱོད། ང་ཚོས་རྒྱལ་ཁ་འཐོབ་ངེས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ། དམ་བཅའ་འགྱུར་མེད་ངང་གཏན་ཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་གང་ཐུབ་བྱས་ནས། ཏང་ཀྲུང་དབྱང་གིས་ཐག་བཅད་པའི་བརྗིད་ཆེའི་འཆར་གཞི་དེ་གོམ་པ་རེ་རེ་བཞིན་བདེ་སྐྱིད་ལྡན་པའི་དོན་དངོས་སུ་སྒྱུར་དགོས། ཕུལ་བྱུང་གི་ཁྱད་ཆོས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཇེ་ཆེར་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་ཆེན་བྱ་རྒྱུར་གྲ་སྒྲིག་བྱས་ནས། ཏང་གིས་ཐོག་མཐའ་བར་གསུམ་དུ་གསར་གཏོད་བྱེད་ནུས་ཆེན་པོ་དང་། གོང་བུར་འགྲིལ་ཤུགས་ཆེན་པོ། འཐབ་འཛིང་བྱེད་ནུས་ཆེན་པོ་བཅས་རྒྱུན་འཁྱོངས་ཐུབ་པར་འགན་སྲུང་ཏན་ཏིག་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། བརྗིད་རྔམ་ལྡན་པའི་རླབས་ཆེན་སྟོབས་ཤུགས་གཅིག་ཏུ་བསྡུ་བར་བྱས་ནས། ཏང་གི་དར་ཆའི་འོག་ཏུ་ངར་ལྕགས་གཞི་གཅིག་ལྟ་བུར་མཐུན་སྒྲིལ་བྱེད་པ་དང་། མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མདུན་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།