ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཚན་རིག་དང་མཐུན་པའི་དོ་དམ་བྱ་བའི་སྐུལ་སྤེལ་ཚོགས་འདུ་ཚོགས། ལུའོ་ཏུང་ཁྲོན་གྱིས་གཏམ་བཤད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས22ཉིན་གྱི་སྔ་དྲོར།  ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཚན་རིག་དང་མཐུན་པའི་དོ་དམ་བྱ་བའི་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་ཚོགས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་དེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནོར་སྲིད་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་ལྟོག་ཞིབ་བྱས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  རྒྱལ་ཡོངས་ཀྱི་ནོར་སྲིད་ཚན་རིག་དང་མཐུན་པའི་དོ་དམ་ཚོད་ལྟའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ།  རྒྱུ་ནོར་འཕེལ་བ་དང་གསོག་པ།  སྤྱོད་པ་བཅས་ཀྱི་ཐབས་ལམ་གཅིག་གྱུར་འཆར་འགོད་བྱས་ནས། གནས་བབ་སྔར་བས་མཐོ་བ་དང་། སྔར་བས་ཏན་ཏིག་གི་བྱ་ཐབས་སྤྱོད་པ། སྤྱོད་ཚུལ་སྔར་བས་གཟབ་ནན་བཅས་ཀྱིས་ནོར་སྲིད་ཚན་རིག་དང་མཐུན་པའི་དོ་དམ་བྱ་བར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་རྩོམ་རྒྱུར་ནོར་སྲིད་ཀྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པ་ནན་གྱིས་བསྟན།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན།  ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནས་བཟུང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བརྟན་པོའི་འོག་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཧུར་བརྩོན་གྱིས་ནོར་སྲིད་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཤིང་།  གཙོ་གནད་བྱ་བ་དག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ།  ཕྱོགས་བསྡུས་རྒྱུ་ཤུགས་ཀྱི་གཞི་ཁྱོན་བརྟན་པོའི་ངང་འཕར་བ་དང་གཙོ་གནད་ཁྱབ་ཁོངས་ཀྱི་འགན་སྲུང་བརྟན་ཞིང་ནུས་ལྡན་ཡིན་པ། ནོར་སྲིད་དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ།  ཉེན་ཁ་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་ལྟ་སྐུལ་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་ལ།  ནོར་སྲིད་འཁོར་སྐྱོད་སྤྱིའི་ཆ་ནས་རྒྱུན་འཁྱོངས་བརྟན་པོ་བྱས་ཡོད་པ་དང་།  ཞབས་ཞུ་འགན་སྲུང་གི་འདེགས་སྐྱོར་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན།  ལོ་ལྔའི་འཆར་འགོད་བཅོ་ལྔ་པར་གཞི་ཚུགས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་།  ས་གནས་སོ་སོའི་སྡེ་ཚན་སོ་སོས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཏན་ཏིག་བྱེད་དགོས་ཤིང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར།  གནས་བབ་གསར་པའི་འོག་ནོར་སྲིད་ཚན་རིག་དང་མཐུན་པའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བའི་གལ་ཆེའི་རང་བཞིན་དང་ཛ་དྲག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་།  སྲིད་འབྲས་ལྟ་བ་ཡང་དག་གིས་སྣེ་ཁྲིད་བྱས་ཏེ་ཁྱིམ་འཛིན་ནོར་གཉེར་གྱི་འགན་འཁྲི་བརྟན་པོར་འཁུར་ཞིང་།  ཕྱོགས་ཡོངས་ནས་ནོར་སྲིད་དོ་དམ་གྱི་མ་ལག་ཅན་དང་ཞིབ་ཚགས་ཅན།  ཚད་ལྡན་ཅན།  ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།  སྔར་ལས་ལེགས་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་ཞུ་དང་འགན་སྲུང་བྱེད་དགོས།  རྒྱུ་ཤུགས་ཀྱི་འབྱུང་ཁུངས་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་དང་།  སྤུས་ལེགས་ཀྱི་ཁྲལ་ཁུངས་གསོ་སྐྱོང་བྱེད་པ།  སྲིད་ཇུས་ཀྱི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱེད་པ་དང་། ཕྱོགས་ཡོངས་ཀྱི་ནོར་སྲིད་ཐོན་ཁུངས་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བྱེད་པ།  སྲིད་གཞུང་གིས་མ་དངུལ་འཇོག་པའི་ཐེབས་རྩ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་།  ཕྱོགས་བསྡུས་ཀྱི་རྒྱུ་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས།  མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་ཚགས་དམ་པོའི་འཚོ་བ་སྐྱེལ་བའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས་ལ།  ལས་ཕྱོད་གདེང་འཇོག་གི་གྲུབ་འབྲས་ལ་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་མཁོ་སྤྲོད་དང་འཕེལ་རྒྱས་ཀྱི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་སྙོམ་སྒྲིག་བྱས་ཏེ། རྒྱུ་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་ལ་འགན་སྲུང་དང་དམངས་འཚོའི་བྱ་བ་དངོས་ལེགས་པར་བསྒྲུབ་དགོས། དེང་རབས་ཀྱི་སྔོན་རྩིས་དོ་དམ་འཐུས་ཚང་དུ་གཏོང་བ་དང་།  གཞི་གྲངས་མེད་པའི་སྔོན་རྩིས་བསྒྱུར་བཅོས་གཏིང་ཟབ་སྤེལ་ཏེ། ཞིང་ཆེན་མན་གྱི་ནོར་སྲིད་བགོ་བཤའི་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་།  སྔོན་རྩིས་དོ་དམ་གྱི་ཁ་ཟུམ་རྒྱུད་རིམ་འཐུས་ཚང་དུ་བཏང་སྟེ་གྲངས་འཛིན་ནོར་སྲིད་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།  ནོར་སྲིད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་བ་དང་།  ཉེན་ཁའི་མཐའ་དཔྱོད་ཀྱི་ཉེན་ཟོན་སྔོན་བརྡའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རྒྱུན་མཐུད་ངང་བུན་སེལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་།  མངོན་མེད་བུ་ལོན་གསར་སྣོན་བྱེད་པར་མཐའ་གཅིག་ཏུ་སྔོན་འགོག་བྱེད་པ། ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ཁྲིམས་སྔར་བས་དེ་དམ་དུ་བཏང་ནས་གཞི་རིམ་གྱི་འགན་སྲུང་གསུམ་གྱི་མཐའ་ཚད་བརྟན་པོར་སྲུང་དགོས།  ཕྱོགས་སོ་སོའི་བྱ་བའི་མཉམ་ཤུགས་གཅིག་ཏུ་བསྡུས་ནས་ཞིང་ཆེན་ཡོངས་ཀྱི་བསམ་ཇུས་གཅིག་མཐའ་འཁྱོངས་བྱེད་དགོས་ལ།  འཕྲེད་ཕྱོགས་དང་གཞུང་ཕྱོགས་ཀྱི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་།  ནོར་སྲིད་ཚན་རིག་དང་མཐུན་པའི་དོ་དམ་གྱིས་ཁྱབ་ཁོངས་ཡོངས་སུ་ཁེབས་པ་དང་། རྒྱུད་རིམ་ཧྲིལ་བོར་སྦྲེལ་མཐུད་བྱེད་པ། ཕྱོགས་ཡོངས་ནས་ཤུགས་འདོན་པ་བཅས་མངོན་འགྱུར་བྱ་དགོས་ཤིང་།  ནོར་སྲིད་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ལུའོ་ཏུང་ཁྲོན་གྱིས། མིག་སྔར་ལོ་ཧྲིལ་བོའི་བྱ་བ་མཐའ་མའི་གདོང་མཆོང་དང་མཇུག་བསྡུའི་འགག་རྩའི་དུས་སུ་སླེབས་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་མ་ལག་བཅས་ཀྱིས་ལོ་ཧྲིལ་བོའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། ནོར་སྲིད་ཚན་རིག་དང་མཐུན་པར་དོ་དམ་བྱ་རྒྱུ་དེ་བྱ་བའི་འཇུག་སྒོར་བྱེད་པ་དང་། སྔར་ལས་ཕན་ནུས་ལྡན་པའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་བར་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ནོར་སྲིད་དང་དངུལ་རྩ་མཉམ་འགུལ་གྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པའི་ཁྱབ་རྒྱ་ཇེ་ཆེར་གཏོང་བ། དཔལ་འབྱོར་རྒྱུན་མཐུད་ངང་གསར་པའི་ཕྱོགས་དང་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཡག་པོ་རྩོམ་ཐུབ་པར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ཏུ། ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཚན་རིག་དོ་དམ་བྱ་བ་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་སྙན་ཞུ་བྱས། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་བསམ་ཚུལ་བརྗེ་རེས་གཏམ་བཤད།    

ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཁྲའོ་ཡིས་འགོ་འཛིན་བྱས། ཞིང་ཆེན་རིམ་པའི་སྔོན་རྩིས་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་། ནོར་སྲིད་ཀྱི་ལས་བགོས་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སྲིད་གཞུང་སོ་སོའི་ནོར་སྲིད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།