ཞི་ཅིན་ཕིང་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་ཚེས22ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་ནན་གྱིས་བསྟན་དོན། ལོ་རྒྱུས་བློ་ལ་བརྟན་པོར་ངེས་ཚེ་ད་གཟོད་གཞི་ནས་མ་འོངས་པ་བསྐྲུན་ཐུབ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ།  རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒྱུན་མཐུད་འབད་འཐབ་དང་ཞུན་བརྡར་མདུན་སྐྱོད་བྱས་ནས།  གསར་བརྗེ་སྔོན་རབས་པ་ཚོས་བསྐྲུན་པའི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ནས་མདུན་དུ་སྤེལ་ཏེ། རྒྱང་སྐྱོད་ཀྱི་འཐབ་ལམ་གསར་བའི་སྟེང་འབད་པ་ཆེན་པོས་ངོ་མཚར་གསར་པ་བསྐྲུན་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། དམར་དམག་གི་རྒྱང་སྐྱོད་ཀྱིས་ཁྱད་དུ་འཕགས་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བསྐྲུན་པ་དང་། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་བསྐྲུན། སྙིང་སྟོབས་ཡོད་ས་ནི་སྟོབས་ཤུགས་ཡོད་ས་ཡིན། རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་ཀྱིས་བློ་དཀར་གྱི་སྟོབས་ཤུགས་དང་། བདེན་དོན་གྱི་སྟོབས་ཤུགས། དྲང་བདེན་གྱི་སྟོབས་ཤུགས། མཐུན་སྒྲིལ་གྱི་སྟོབས་ཤུགས་བཅས་གང་ལེགས་སྒོས་མཚོན་པ་དང་། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཡུལ་དུས་ཀྱི་བར་བཅད་ལས་བརྒལ་ཞིང་། དུས་དང་བསྟུན་ནས་གསར་དུ་གསོན་ཤུགས་རྒྱས་ཏེ། ནམ་ཡང་ང་ཚོར་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་རྒྱུ་ནོར་རྩ་ཆེན་དང་སྒུལ་ཤུགས་ཆེན་པོ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ལམ་གསར་པ་ནི་གཟི་བརྗིད་ཀྱིས་ཁེངས་བའི་ཕུགས་འདུན་སྙེག་པའི་རྒྱང་སྐྱོད་དང་། ཏང་དང་མི་དམངས་ཀྱི་རྒྱང་སྐྱོད་གསར་པ་ཡིན། རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པར་མཚོན་ན། ངེས་པར་དུ་ཏང་གི་ཕུགས་བསམ་དད་སེམས་དང་དམིགས་ཡུལ་བརྟན་སྲུང་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཐོག་མའི་དམ་བཅའ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་པ་བསྐྲུན་དགོས། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་ཉིན་རེ་བཞིན་འཕར་བཞིན་ཡོད་པའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། དཔལ་འབྱོར་ཐད་སྤུས་ཚད་ཇེ་མཐོར་འགྱུར་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུར་འགྱུར་ལ་སྐུལ་འདེད་གཏོང་དགོས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་སྤེལ་ཕོད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་ལས་ཡག་པོ་བྱེད་པ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་ཉེན་ཁར་འཐབ་པ། འགྲན་སློང་གདོང་གཏོད་བཅས་བྱས་ཏེ། ཀྲུང་ཧྭ་བསྐྱར་དར་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོས་དཀའ་ངལ་སེལ་བ་དང་བརྟན་ཐོག་རྒྱང་སྐྱོད་ཐུབ་པར་འགན་སྲུང་བྱེད་དགོས། ངེས་པར་དུ་མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྤུས་ཚད་མཐོན་པོའི་ངང་སྐུལ་འདེད་གཏོང་དགོས། ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གི་འཛུགས་སྐྱོང་ཐད་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་གཙང་འགྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་འདེགས་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་བྱས་ཏེ། ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འགོ་ཁྲིད་དང་སྲོག་ཤིང་བརྟན་པོ་འགྱུར་བར་འགན་སྲུང་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།