མིག་སྔར་མི་རྒན་དར་དམིགས་སུ་བཟུང་སྟེ་དྲ་ཐོག་ཏུ་ཁ་བསླུས་རྒྱག་ཐབས་གསར་པ་བྱུང་དང་འབྱུང་བཞིན་ཡོད་པས་ཁྱིམ་ཚང་གི་དཔལ་འབྱོར་ལ་གྱོང་གུད་ཐེབས་ཀྱི་ཡོད་པ་དང་། ལྷག་པར་དུ་མི་རྒན་དར་མའི་ལུས་སེམས་བདེ་ཐང་ལ་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད། ཉེ་ལམ་མགྱོགས་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་མི་རྒན་དར་ཁྲོད་ཧ་ཅང་དར་ཆེ་བའི་ཁ་བསླུས་གཡོ་ཐབས་རིགས་བདུན་ལེགས་སྒྲིག་བྱས་ཏེ། ཁ་བསླུས་རྒྱག་སྟངས་ག་འདྲ་ཡིན་པ་དང་འགོག་ཟོན་ཇི་ལྟར་བྱེད་དགོས་པའི་ཕྱོགས་ནས་རེ་རེ་བཞིན་དཀྲོལ་ཡོད། དེ་བས་མི་རྒན་དར་མ་རང་ངོས་ནས་ཁ་བསླུས་ལ་ངོས་ཟིན་གསལ་བོ་བྱེད་རྒྱུ་དང་། དེའི་གཡོ་འོག་ཏུ་ཚུད་པར་དོགས་ཟོན་ཇི་ལྟར་བྱེད་དགོས་པ་གསལ་འདེབས་བྱས་ཡོད།
ཁ་བསླུས་འཇམ་ཁྲིད་བྱེད་སྟངས་དེ་དག་ལ་དམིགས་ནས་མགྱོགས་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་མུ་མཐུད་དུAIདཔེ་དབྱིབས་ཆེན་པོ་ལ་སོགས་པའི་ཉེན་འགོག་ལག་རྩལ་ལ་བརྟེན་ནས་ཞིབ་བཤེར་ཐག་གཅོད་ལ་ཤུགས་བསྣན་པ་དང་། ཁ་བསླུས་འཇམ་ཁྲིད་ཀྱི་ཆ་འཕྲིན་བཀག་འགོག་དང་། སྒོ་རྒྱག འདོར་བསུབ་ལ་སོགས་ཀྱི་ཐག་གཅོད་བྱེད་ཐབས་བཏོན་པ་ཏེ་འབྲེལ་ཡོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་རྩིས་ཨང་གི་སྒོ་རྒྱག་པ་ལ་སོགས་ཀྱི་ཆད་གཅོད་བྱེད་ཐབས་སྤྱད་ཡོད། ཁྲིམས་འགལ་ཉེས་གསོག་དང་འབྲེལ་བའི་ཁུངས་སྣེ་ལ་བདེ་འཇགས་ལྟེ་གནས་ཀྱིས་ཁུངས་སྣེ་འཚོལ་སྡུད་ལེགས་སྒྲིག་བྱས་ཏེ་འབྲེལ་ཡོད་སྡེ་ཚན་ལ་སྤྲད་ནས་ཐག་གཅོད་བྱེད་དུ་བཅུག་ཡོད།
གཅིག བྱ་དགའ་ཡོད་པའི་འཇམ་ཁྲིད་གཡོ་ཐབས།
མི་རྒན་དར་ལ་ཐད་གཏོང་ནས་བྱ་དགའ་ཡོད་པའི་འཇམ་ཁྲིད་བྱེད་སྟངས་དེ་ནི“མི་རྫུན་བཟོ+སྐྱེད་ཀ་མཐོན་པོ་སློག་རྒྱུ་ཡོད་པ+སྒེར་ཁོངས་སུ་ཁེ་བཟང་རིམ་པ་བཞིན་ཡོད་པ”སོགས་རེད། ཁྲིམས་འགལ་བས་ནོར་དོན་ལས་རོགས་པ་དང་། མི་སྣ་མིང་གྲགས་ཅན་སོགས་ཀྱི་ཐོབ་ཐང་བརྫུས་ཏེ་ཐད་གཏོང་དུ་ཞེན་མི་རྣམས་ལ་མ་དངུལ་འབོར་ཆེན་དང་། ཁེ་ཕན་ཁ་གསབ། ཡང་ན་མ་དངུལ་འབོར་ཆེན་བསྐུར་རྒྱུ་ཡིན་ཞེས་འུད་སྒྲོག་བྱེད་པ་མ་ཟད། རྫུན་བཟོ་མཉེན་ཆས་བཀོལ་ཏེ་དངུལ་བླངས་མ་ཐག་ཐད་ཀར་རྩིས་ཨང་དུ་འབྱོར་ཡོད་པའི་བཅད་ངོས་རྫུན་མ་བཟོས་ནས་རྫུན་བཅོས་སོགས་མིན་ཚུལ་བསྟན་རྗེས། འཇམ་ཁྲིད་ཀྱི་སྐད་ཆ་ཡ་ཡོ་ལ་བརྟེན་ནས་ཕ་རོལ་པོར་ཡིད་ཆེས་ཐོབ་ཏུ་བཅུག་རྗེས། མི་རྒན་དར་མ་ལ་ལེགས་སྐྱེས་བསྐུར་བ་དང་། སྒེར་ངོས་ནས་སྒོར་མོ་བསྐུར་བ། ཡང་ན་གོང་ཆེ་བའི་སྤུས་ཞན་ཐོན་རྫས་ཉོ་སྒྲུབ་སོགས་བྱེད་དུ་འཇུག་པ་ཡིན། དེ་ནས་མུ་མཐུད་དུ་གནོད་འཚེ་ཕོག་མཁན་འཇམ་ཁྲིད་བྱས་ཏེ་ཕྱོགས་གསུམ་པའི་གྲོགས་ཚོམས་སུ་བླངས་ཏེ། འཕྲིན་སྟེགས་ཀྱི་ལྟ་སྐུལ་དོ་དམ་ལ་གཡོལ་ཏེ། ཁྲལ་དངུལ་དང་། འབའ་དངུལ། གློད་དངུལ་སོགས་ཀྱི་མིང་ཐོག་ནས་ཡང་དང་བསྐྱར་དུ་གྲོན་དངུལ་བསྡུས་རྗེས། གར་སོང་ཆ་མེད་དུ་གྱུར་བ་རེད།
མགྱོགས་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་ཞུ་དོན། “བྱ་དགའ་སྟེར་རྒྱུ་ཡོད་པ”དང“མ་དངུལ་འབོར་ཆེན་ཕྱིར་སློག་རྒྱུ་ཡོད་པ”“བླངས་མ་ཐག་རྩིས་ཨང་དུ་འབྱོར་ཐུབ་པ”“གྲོན་དངུལ་འཇལ་ན་ད་གཟོད་དངུལ་གློད་པ”ལ་སོགས་ཀྱི་མིང་ཐོག་ནས་བྱ་དགའ་སྟེར་བ་དང་། སྒེར་ངོས་ནས་སྒོར་མོ་བསྐུར་བའི་འཇམ་ཁྲིད་རིགས་ལ་འཕྲད་ན་ལམ་སེང་མཚམས་འཇོག་པ་ལས་དེ་ལ་ཡིད་ཆེས་བྱ་མི་རུང་། གལ་ཏེ་མགོ་སྐོར་ཐེབས་སོང་ཚེ་ཁྱེད་ཀྱིས་ཐད་གཏོང་སྐབས་སུ་ཕབ་ལེན་བྱས་པའི་བརྙན་དང་། ཁ་བརྡ་བྱས་པའི་ཟིན་ཐོ། སྒོར་མོ་བསྐུར་བའི་གོ་རིམ་ལ་སོགས་ཀྱི་དཔང་ཡིག་ཉར་བྱས་རྗེས། འཕྲལ་མ་ཉིད་དུ་ཉེན་རྟོག་པར་ཡར་ཞུ་བྱས་ནས་རོགས་བྱེད་དུ་འཇུག་དགོས།
གཉིས། སྒོ་ལམ་དུ་ཡོང་ནས་དངོས་རྙིང་ཕྱིར་བསྡུ་མཁན་ལ་བརྫུས་པའི་ཁ་བསླུས་བྱེད་སྟངས།
ཁྲིམས་འགལ་པས་ཐད་གཏོང་དུ་སྐོར་བཤད་དང་འུད་སྒྲོག་ལ་སོགས་ཀྱི་བཤད་ཐབས་སྤྱད་དེ་དངུལ་སྒོར་རྙིང་པ་དང་། གནའ་རྫས། ཡིག་གཟུགས་དང་རི་མོ། ཁྱིམ་ཆས་རྙིང་བ་ལ་སོགས་བསྡུ་ཉར་ལ་རིན་ཐང་ཆེན་པོ་ཡོད་པ་དང་། དངོས་སུ་སྒོ་ལམ་དུ་ཡོང་ནས་མི་རྒན་དར་མ་ཡི་དངོས་ཆས་རྙིང་བ་གོང་ཆེན་པོས་ཉོ་རྒྱུ་ཡིན་ཚུལ་ཁས་ལེན་བྱེད། ལ་ལས་ཐད་གཏོང་དུ་ཡ་མ་ཡོ་ཡི་འཁྲབ་ཚིག་བཀོལ་ཏེ། བདག་པོའི་ཁྱིམ་དུ་ཡོང་ནས་རྙིང་ཆས་བསྡུ་རྒྱུ་དང་། དངོས་སུ་རིན་ཐང་ལ་གསལ་འབྱེད་དང་སྦྲགས་དངུལ་འབོར་ཆེན་བཏང་ནས“བསྡུ་ཉོ”བྱ་རྒྱུ་ཡིན་ཞེས་ཐད་གཏོང་དུ་དེ་ལྟར་འུད་སྒྲོག་བྱས་ནས་ཚང་མར་ཡིད་ཆེས་ཐོབ་ཏུ་བཅུག་རྗེས། ཕྱོགས་གསུམ་པའི་འབྲེལ་བ་བྱེད་སྟངས་ཁ་པར་ཨང་གྲངས་ནང་འཇུག་བྱེད་དུ་འཇུག་པ་དང་། དེ་ནས་མུ་མཐུད་དུ་སྤྱོད་མཁན་ལ་ཐོན་རྫས་གོང་ཆེན་ཉོ་སྒྲུབ་ལ་འཇམ་ཁྲིད་བྱས་ནས་སྒོར་མོ་བསྐུར་དུ་འཇུག་པ་རེད།
མགྱོགས་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་ཞུ་དོན། རྒྱ་ཆེའི་མི་རྒན་དར་མ་རྣམས་ཀྱིས“གོང་ཆེན་པོས་ཚབ་བསྡུ”“གནའ་རྫས་ཉོ་སྒྲུབ”ལ་སོགས་བྱ་རྒྱུ་ཡིན་ཞེས་ཁག་ཐག་བྱེད་རིགས་ལ་ཡིད་ཆེས་མ་བྱེད་ཅིག ལྷག་པར་དུ་ཆ་མེད་རྒྱུས་མེད་ཀྱི་མི་ལ་ཁ་པར་ཨང་གྲངས་མ་སྤྲད་རོགས། གལ་ཏེ་ཁ་བསླུས་ཐེབས་ཚར་ན་ལམ་སེང་འཕྲིན་སྟེགས་སམ་ཉེན་རྟོག་པར་ཞུ་གཏུག་བྱས་ཏེ་རོགས་བྱེད་དུ་འཇུག་དགོས།
གསུམ། AIཡི་བརྙན་ཐུང་ཟབ་སྦྱོང་བྱེད་པའི་ཁ་བསླུས།
ཁྲིམས་འགལ་བས་གསར་དར་གྱིAIཡི་ཚ་རླབས་བེད་སྤྱད་དེ། བརྙན་ཐུང་འཕྲིན་སྟེགས་སུ“རྨང་གཞི་ནསAIཡི་བརྙན་ཐུང་སྒྲིག་བཟོ་བསླབས་རྗེས། ཟླ་རེར་ཁེ་ཕོགས་ཁྲི་ཡན་རྙེད་ཐུབ་པའི”རིགས་ཀྱི་ནང་དོན་འབོར་ཆེན་བསྐུར་ཏེ། AIལག་རྩལ་ལ་ཅུང་རྨོངས་པའི་མི་རྒན་དར་མ་དང་། ཁོ་ཚོའི་མ་དངུལ་མགྱོགས་པོར་རྙེད་འདོད་ཀྱི་སེམས་ཁམས་ལ་གཞིགས་ནས་ཁ་བསླུས་རྒྱག་པ་རེད། གཡོ་ཐབས་དེ་ལ་གོ་རིམ་བཞི་ཡོད་དེ། གཅིག དྲ་ཐོག་ཏུ་རྒྱ་ཆེར་བཀྲམས་པ། “མ་རྩ་ཉུང་ཞིང་། ཡོང་སྒོ་ཧ་ཅང་མང་པོའི”བརྡ་ཁྱབ་བརྒྱུད་དེ་འཇམ་ཁྲིད་བྱེད་པ། གཉིས། རྫུན་བཟོ། “མཐེབ་གཅིག་མནན་ན་ནོར་གཡང་འཁོར”“དུས་དེ་འདའ་ན་གྱོང་རག་པ་ཡིན”པའི་མི་ལ་ཁ་ཚ་དགོས་གཏུག་གི་ཚོར་འདུ་དྲག་པོ་བསླངས་ཏེ། སློབ་ཁྲིད་ཀྱི་རིན་པ་དང་ཡོ་ཆས་ཀྱི་རིན་པ་སྤྲད་དགོས་ཞེས་འཇམ་ཁྲིད་བྱེད་པ། གསུམ། འོབ་དུང་དུ་འཐེན་པ།“མཐེབ་གཅིག་མནན་ན་ནོར་གཡང་འཁོར”“དུས་དེ་འདའ་ན་གྱོང་རག་ངེས”“ཁྲིད་སྟོན་བྱེད་པ”ལ་སོགས་ཀྱི་མིང་ངོས་ནས་མཉེན་ཆས་ཕབ་ལེན་ནམ་རྒྱུས་མེད་དྲ་གནས་ཀྱི་ཁ་ཕྱེས་སུ་བཅུག་སྟེ། དངུལ་བྱང་གི་ཨང་གྲངས་དང་། དཔང་བཤེར་ཨང་གྲངས་ལ་སོགས་གསང་བའི་ཆ་འཕྲིན་རིགས་རྐུ་འཁྱེར་བྱེད་པ་ཡིན། བཞི། དྲ་སྒོ་བརྒྱབ་ནས་འབྲེལ་བ་ཤོར། ཁ་བསླུས་ཀྱི་མ་དངུལ་དག་ཕ་རོལ་པོའི་ལག་ཏུ་འབྱོར་རྗེས་དེ་མ་ཉིད་ཁྱེད་ཀྱི་འབྲེལ་ཐག་གཅོད་པ་མ་ཟད། རྩིས་ཨང་སོགས་མེད་དུ་བཟོ་བ་རེད།
མགྱོགས་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་ཞུ་དོན། རྒྱ་ཆེའི་མི་རྒན་དར་མ་དག་གིས“མ་རྩ་ཉུང་ལ། ཡོང་སྒོ་མང་བའི”བསླུ་བྲིད་འོག་ཏུ་ཚུད་པར་དོགས་ཟོན་བྱེད་དགོས། “རྨང་གཞི་ནསAIསྦྱངས་པས་ཟླ་རེར་སྒོར་ཁྲི་ཡན་རྙེད་ཐུབ་པ”དང“AIཡི་མཐེབ་གཅིག་མནན་ན་སྒོར་མོ་ལམ་སེང་འབྱོར་ཡོང”བ་སོགས་འུད་སྒྲོག་བྱེད་པའི་དྲ་སྒང་གི་སློབ་ཁྲིད་ནང་དོན་རིགས་ཀྱི་བདེན་རྫུན་ལ་ངེས་པ་དུ་དབྱེ་བ་གསལ་བོ་འབྱེད་ན། ཁ་བསླུས་ཐེབས་སླ་བོ་མིན། ཡིད་ལ་འཛིན་རྒྱུ་ཞིག་ནི། སྔོན་ལ་སྒོར་མོ་སྤྲད་རྗེས་སུ་ད་གཟོད་སློབ་ཐུབ་ཅེས་པའི་བླང་བྱ་འདོན་རིགས་ལ་ནི་ཁ་བསླུས་ཡིན།
བཞི། བཀོས་བཀོད་རྒྱུད་འཛིན་གྱི་རྨོངས་དད་སྐོར་གྱི་ཁ་བསླུས།
བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་རིགས་ཀྱི་ཁ་བསླུས་ནི་དུས་རྒྱུན“བགེགས་བར་ཆད་སེལ་བ། སྨོན་ལམ་རྒྱག་པ། ཆོས་སྒྲུབ་པའི”མིང་ཐོག་ནས་མི་རྒན་དར་མ་དང་ནད་པའི་མི་ཚོགས་ལ་དམིགས་ནས་མགོ་སྐོར་གཏོང་བ་རེད། ཁྲིམས་འགལ་བས་ཐོག་མར་ཐད་གཏོང་དང་། སྒེར་འབྲེལ་བྱེད་པའམ་ཡང་ན་ཚོགས་པའི་ནང་དུ”དགེ་རྒན”དང“མི་བཟང”ལ་བརྫུས་ཏེ།“ཆོས་སྒྲུབ་པ་ལ་འབུལ་བ་མི་དགོས”ཞེས་ཡང་ཡང་ལབ་ནས་གནོད་པ་ཕོག་མཁན་གྱི་དོགས་པ་ཇེ་ཆུང་དུ་གཏང་བ་ཡིན། དེ་ནས“རྒྱུ་ཆ་གྲ་སྒྲིག་བྱེད་དགོས་པ” དང“མཆོད་མེ་འཇོག་དགོས་པ།”“དགེ་སྒྲུབ་ཀྱི་འབུལ་བ་རང་མོས་ཡིན”“ཁྱིམ་མི་དང་བྱིས་པར་ཚོགས་གསོག་པ”སོགས་ཀྱི་སླུ་བཤད་སྣ་ཚོགས་ལ་བརྟེན་ནས་སྒོར་མོ་ལེན་པ་ཡིན་ལ། དུས་རྒྱུན་སྐད་འཕྲིན་སྒེར་ངོས་ནས་རྩ་གཉིས་ཨང་རྟགས་བསྐུར་ནས་སྒོར་མོ་ལེན་ཅིང་། འཕྲིན་སྟེགས་ལས་ལོགས་སུ་ལེན་པར་དགའ་བ་མ་ཟད། ད་དུང“སེམས་དག་ན་འདོད་དོན་འགྲུབ་པ”“མ་སྒྲུབ་ན་བར་ཆད་ཡོད་པ”“དགེ་སྒྲུབ་ཀྱི་འབུལ་བ་ལ་གོ་ལོག་ཐེབས་འདུག”པ་ལ་སོགས་བཤད་ནས་གནོད་པ་ཐེབས་མཁན་ལ་འགྱོད་སེམས་དང་འཇིགས་སྣང་བསྐྱེད་པ་དང་། མཐའ་མར་སྒོར་མོ་བླངས་རྗེས་གར་སོང་མི་ཤེས་པར་འགྱུར་འགྲོ་བ་རེད།
མགྱོགས་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་ཞུ་དོན། “ཆོས་སྒྲུབ་པ། བར་ཆད་སེལ་བ། སྨོན་ལམ་རྒྱག་པ། ལས་དབང་སྒྱུར་ཐུབ་པ། འབུལ་དངུལ་དང་། རྒྱུ་ཆའི་གྲོན་དངུལ་དགོས་པ”སོགས་ཀྱི་མིང་ཐོག་ནས་སྐད་འཕྲིན་སྒེར་ངོས་ནས་རྩ་གཉིས་ཨང་རྟགས་བསྐུར་བ་དང་། སྒོར་མོ་བསྐུར་དུ་འཇུག་པ་སོགས་ལ་དོགས་ཟོན་ཆེན་པོ་བྱེད་དགོས། གལ་ཏེ་འབྲེལ་ཡོད་ཀྱི་གནས་ཚུལ་ལ་འཕྲད་ན། ལམ་སེང་ཞུ་གཏུག་བྱེད་རྒྱུ་མ་བརྗེད། གལ་ཏེ་མགོ་སྐོར་ཐེབས་སོང་ཚེ། འབྲེལ་ཡོད་དཔང་ལྡན་གྱི་རྒྱུ་ཆ་སོར་ཉར་བྱས་ནས་ལམ་སེང་ཉེན་རྟོག་པར་ཞུ་གཏུག་བྱེད་དགོས།
ལྔ། སྐུ་མགྲོན་ལ་བརྫུས་ནས་ཁ་བསླུས་རྒྱག་པ།
ཁྲིམས་འགལ་བས་སྐད་འཕྲིན་གྱི་སྒེར་ལ་བླངས་རྗེས། ཚོགས་པ་དང་ཐད་གཏོང་ཁང་དུ་ཁྲིད་དེ། མགྱོགས་འཕྲིན་གྱི་གཞུང་ཕྱོགས་སྐུ་མགྲོན་ཞབས་ཞུ་ནམ་ལས་བྱེད་མི་སྣར་བརྫུས་ཏེ། བརྒྱུད་དེ“ཐད་གཏོང་ཁོངས་མིའི་ཁ་རྒྱག”དང་“རང་འགུལ་གྱིས་གྲོན་དངུལ་ལེན་མཚམས་འཇོག་དགོས་པ།”“ཚོང་ཁང་གི་ཚབ་ཚོང་བྱེད་ནུས་གནས་སྐབས་སུ་ཁ་རྒྱག་དགོས་པ།”“རྩིས་ཨང་སྒྲིག་འགལ་དུ་རྩིས་ནས་ཐག་གཅོད་བྱེད་དགོས”པ་སོགས་རྒྱུ་མཚན་བྱས་ནས་མི་རྒན་དར་མས་ཆ་མེད་དྲ་ཚིགས་སུ་ཁྲིད་པ་དང་། དོགས་ཡོད་དྲ་ཚིགས་ཀྱི་ཁ་ཕྱེས་སུ་བཅུག་ནས་ཕྱོགས་གསུམ་པའིAPPཕབ་ལེན་བྱེད་འཇུག་པ་དང་། དེ་ནས་ཁ་བསླུས་ཐེབས་མཁན་ལ་དཔང་བཤེར་ཨང་གྲངས་བསྐུར་དགོས་པའི་རེ་བ་འདོན་པ་དང་། མཐར་མ་དངུལ་གཡོ་ལེན་བྱེད་པ་ཡིན།
མགྱོགས་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་ཞུ་དོན། ཚོགས་པ་དང་ཐད་གཏོང་ལ་སོགས་སུ་སྐད་འབྲེལ་གྱི་ལམ་ནས་འབྲེལ་བ་བྱེད་པ་དང་། དྲ་ཚིགས་ཆ་མེད་དམ་མཉེན་ཆས་གང་དགར་ཕབ་ལེན་བྱེད་དུ་འཇུག་པ། དཔང་བཤེར་ཨང་གྲངས་སོགས་བསྐུར་དུ་འཇུག་པ་ལ་དོགས་ཟོན་བྱེད་རོགས། མགྱོགས་འཕྲིན་སྟེང་འབྱོར་བའི་མི་ཆ་མེད་ཀྱི་སྐད་རྒྱག་པའམ་སྐད་འབྲེལ་བྱེད་པ་དང་། རང་ཉིད་ནི་མགྱོགས་འཕྲིན་གྱི་མགྲོན་ཞབས་བྱེད་མཁན་ནམ་ལས་བྱེད་མི་སྣ་ཡིན་ཞེས་བཤད་མཁན་ཚང་མ་ཁ་བསླུས་ཡིན་པས། ཁ་པར་སྤྱོད་མཁན་རྒྱ་ཆེའི་མི་རྒན་དར་མ་རྣམས་ཀྱིས་དོགས་ཟོན་ནན་མོ་བྱས་ཏེ། མི་ཆ་མེད་ཀྱིས་སྒོར་མོ་དང་། གསང་གྲངས། དཔང་བཤེར་ཨང་གྲངས་སོགས་དགོས་པའི་རེ་བ་འདོན་མཁན་ཚང་མ་རིགས་རྒྱང་དུ་གཡུགས་ཞོག
དྲུག ཐོན་རྫས་ཉོས་ན་ཁེ་ཕན་སློག་རྒྱུ་ཡོད་པའི་ཁ་བསླུས།
བྲིན་རྫི་སྐྱེད་ཀ་སློག་རྒྱུ་ཡོད་ཅེས་བརྗོད་མཁན་ཏེ། འོས་འགན་འགྲུབ་ན་སྒོར་མོ་ཡོད་པ་དང་། སྙིང་དམར་མནན་ན་གླ་ཡོན་ཡོད་པ། ཁྱིམ་ནས་ཀྱང་ལས་ཀ་གཉེར་ཆོག་པ་སོགས་ཁྲམ་བཤད་བྱས་ནས་ཁ་པར་སྤྱོད་མཁན་མི་རྒན་དར་མར་སླུ་བྲིད་གཏོང་བ་རེད། ཁྲིམས་འགལ་པས་དུས་མགོར་དེ་དག་ལ་ལས་འགན་ཕྲན་བུ་རེ་བཀོད་སྒྲིག་རྒྱག་པ་མ་ཟད། མ་རྩ་དང་གླ་ཡོན་མགྱོགས་པོར་སྤྲད་དེ། “མ་དངུལ་འབྱོར་རྒྱུ་ཡོད་ཅིང་། གོ་རིམ་སྟབས་བདེ་ཡིན་པའི”འཕྲུལ་སྣང་བཟོས་ཏེ་གནོད་པ་བྱ་ཡུལ་ལ་ཡིད་ཆེས་ཐོབ་ཏུ་འཇུག་པ་ཡིན། དེ་རྗེས“ལས་འགན་ཇེ་ལྕི”དང“བྲིན་རྫི་སྐྱེད་སློག་གཉིས་ཀ་མཐོ་བ”“རྩིས་ཨང་གི་ཡིད་རྟོན་མི་འདང་བ།”“སྒོར་མོ་ལེན་དགོས་ན་ལས་འགན་མ་གྲུབ་པ་འགྲུབ་དགོས”ལ་སོགས་རྒྱུ་མཚན་དུ་དྲངས་ཏེ། གནོད་པ་ཐེབས་མཁན་ལ་དྲ་ཚིགས་ཆ་མེད་ཀྱི་ཁ་ཕྱེས་སུ་འཇུག་པ་དང་། དེ་ནས་གཞུང་ཕྱོགས་མ་ཡིན་པའིAPPཕབ་ལེན་བྱེད་དུ་བཅུག་སྟེ་སྒོར་མོ་བཞག་ནས་ལས་འགན་གསར་པ་ལེན་དགོས། APPདྲ་ངོས་ནས་དངུལ་འབོར་རྫུན་མ་འཆར་བ་དང་། གནོད་པ་ཐེབས་མཁན་གྱིས་བལྟས་ན་ཁེ་ཕན་ཇེ་མང་དུ་འགྲོ་བཞིན་པའི་སྣང་བ་སྟེར། ཡིན་ན་ཡང་སྒོར་མོ་ལེན་དུས་མུ་མཐུད་དུ་གྲོན་དངུལ་ཅི་རིགས་སྤྲོད་དགོས་པའི་རེ་བ་འདོན་པ་ཡིན། མཐར་དྲ་ངོས་སུ་འཆར་བའི་དངུལ་གྲངས་དེ་དག་རང་ལག་ཏུ་འབྱོར་རྒྱུ་མེད་པ་མ་ཟད། རང་གིས་ཕར་བཞག་པའི་སྒོར་མོ་ཚང་མ་ཁ་བསླུས་རྒྱག་མཁན་གྱིས་འཁྱེར་འགྲོ་བ་དང་། ཁྱེད་ཀྱིས་འབྲེལ་བ་བྱེད་དུས་གར་སོང་མི་རྙེད་པར་འགྱུར་བ་ཡིན།
མགྱོགས་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་ཞུ་དོན། བྲིན་རྫི་ནི་མ་གཞི་ནས་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན། “མ་རྩ་ཉུང་ཞིང་། འབབ་སྒོ་མང་པ།”“སྔོན་ལ་མ་དངུལ་འཇོག་པ་དང་། ཕྱིས་སུ་སྐྱེད་ཀ་སློག་རྒྱུ་ཡོད”ཚུལ་གྱི་ལས་མང་པོ་གཅིག་ལྕོགས་སུ་བསྒྲུབ་ཆོག་ཅེས་བརྗོད་མཁན་ཚང་མ་ཁ་བསླུས་ཁོ་ན་ཡིན་པས། ཆ་མེད་ཀྱི་སྦྲེལ་གནས་སམ་དྲ་ཚིགས་དང་། གཞུང་ཕྱོགས་མིན་པའི་APPཕབ་ལེན་བྱེད་དུ་འཇུག་པ། དེ་མ་ཟད་མི་ཆ་མེད་ལ་སྒོར་མོ་བསྐུར་དུ་འཇུག་པའམ་དངུལ་བྱང་གི་ཨང་གྲངས་དང་གསང་གྲངས། དཔང་བཤེར་ཨང་གྲངས་ལ་སོགས་ཀྱི་ཆ་འཕྲིན་དགོས་པའི་རེ་བ་ཞུ་མཁན་རིགས་ཚང་མ་ཁ་བསླུས་ཡིན། གལ་ཏེ་མགོ་སྐོར་ཐེབས་པ་ཡིན་ན། དེ་དང་འབྲེལ་བའི་ཁ་བརྡའི་ཟིན་ཐོ་དང་། APPཡི་དྲ་ངོས་བཅད་རིས། སྒོར་མོ་བསྐུར་བའི་དཔང་ཡིག་སོགས་ཉར་ནས་ལམ་སེང་ཉེན་རྟོག་པར་ཞུ་གཏུག་བྱེད་དགོས།
བདུན། མ་དངུལ་གཏོང་འཇོག་དངུལ་དོན་དོ་དམ་གྱི་ཁ་བསླུས།
ཁྲིམས་འགལ་བས་རྐང་འཛིན་པ་ཆེན་པོ་དང་། ཆེད་ལས་ཀྱི་མ་འཇོག་བློ་འདོན་པ། དངུལ་དོན་དོ་དམ་མཁན། དངུལ་རྩའི་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བཅས་སུ་བརྫུས་ཏེ། བསགས་དངུལ་ངེས་ཅན་རེ་ཡོད་ཅིང་། དངུལ་དོན་དོ་དམ་བྱེད་འདོད་ཡོད་པའི་མི་རྒན་དར་མའི་ཚོགས་ལ་དམིགས་ནས་སྐད་འཕྲིན་སྒེར་སྣོན་དང་། ཐད་གཏོང་ཁང་སོགས་སུ་ཁ་བརྡ་བྱེད་པ་བརྒྱུད་དེ། “ནང་་ཁུལ་གནས་ཚུལ”“ཆེད་མཁས་པ་རང་གིས་ཚོང་འཁྱེར་ཡོད་པ།”“ཡོང་འབབ་མཐོ་ཞིང་། ཉེན་ཁ་ཆུང་བ”ལ་སོགས་སླུ་བཤད་ལ་བརྟེན་ནས་ཕ་རོལ་པོར་ཡིད་ཆེས་བྱེད་དུ་འཇུག་པ་དང་། ཡིད་ཆེས་ཐོབ་རྗེས་ཕ་རོལ་པོ་ཕྱོགས་གསུམ་པའི་ཚོགས་པའམ་ཁ་བརྡ་བྱེད་སའི་མཉེན་ཆས། ཡང་ན་མ་འཇོག་ནོར་དོམ་གྱིAPPརྫུན་མའི་སྟེང་དུ་ཁྲིད་འགྲོ་བ་ཡིན། དང་ཐོག་ཁྲམ་པས་ཕ་རོལ་པོར་མ་དངུལ་ཉུང་ངུ་རེ་འཇོག་ཏུ་འཇུག་པ་མ་ཟད། སྐྱེད་ཀ་མགྱོགས་པོར་སློག་ཏེ“གྱོང་གུད་མེད་པར་ཁེ་བཟང་བརྟན་པོ་ཐོབ”ཐུབ་པའི་འཕྲུལ་སྣང་བཟོ་བ་ཡིན། གནོད་པ་ཐེབས་མཁན་གྱིས་མ་དངུལ་འབོར་ཆེན་བཞག་པའམ་ཡང་ན་ཚེ་གང་གི་གསོག་དངུལ་མ་འཇོག་ཏུ་བཏང་རྗེས། འཕྲིན་སྟེགས་ཀྱིས་དེ་མ་ཉིད“རྩིས་ཨང་བཅད་བསྡམས་བྱས་འདུག”“ཁག་ཐེག་དངུལ་སྤྲོད་དགོས་པ།”“ཁྲལ་འཇལ་དགོས་པ”ལ་སོགས་ཀྱི་མིང་ཐོག་ནས་མུ་མཐུད་དུ་སྒོར་མོ་བསྐུར་དགོས་པའི་རེ་བ་འདོན་པ་དང་། མཐའ་མར་གནོད་པ་ཐེབས་མཁན་གྱིས་རང་གི་སྒོར་མོ་ལེན་མི་ཐུབ་པ་ཤེས་དུས་ཁ་བསླུས་རྒྱག་མཁན་གྱིས་ཁྱེད་ཀྱི་འབྲེལ་ཐག་བཅད་དེ་གར་སོང་མི་རྙེད་པར་འགྱུར་བ་ཡིན།
མགྱོགས་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་ཞུ་དོན། གནམ་ནས་གྲོ་ལྷུང་མི་སྲིད་པའི་དཔེ་ལྟར།“འབབ་སྒོ་མཐོ་ཞིང་། ཉེན་ཁ་ཆུང་བ”ཟེར་བའི་མ་འཇོག་ནོར་དོམ་མང་ཤོས་ནི་ཁ་བསླུས་ཁོ་ན་ཡིན་པས། རྒྱ་ཆེ་བའི་མི་རྒན་དར་རྣམས་ཀྱིས་དྲ་སྒང་དུ་ཆེད་མཁས་པ་དང་སློབ་སྟོན་པ་ཡིན་ཟེར་མཁན་ལ་གང་འདོད་དུ་ཡིད་ཆེད་མི་བྱེད་ཅིང་། མི་ཆ་མེད་སྐད་འཕྲིན་དུ་མི་སྣོན་པ་དང་། རྐང་འཛིན་འོས་སྦྱོར་དང་ནོར་དོན་དོ་དམ་གྱི་ཚོགས་པར་མི་ཞུགས་པ། གང་འདོད་དུ་རང་གི་དངུལ་བྱང་གི་ཨང་གྲངས་དང་། གསང་གྲངས། ཞིབ་བཤེར་ཨང་གྲངས་ལ་སོགས་གསང་བའི་ཆ་འཕྲིན་རིགས་ཕྱིར་མི་བསྐུར་རོགས། གལ་ཏེ་དངུལ་འབོར་ཆེན་གཞན་ལ་བསྐུར་ན། ཐོག་མར་བུ་དང་བུ་མོཏ་གསལ་འདྲི་བྱེད་དགོས། གལ་ཏེ་གཡོ་འོག་ཏུ་ཚུད་ཡོད་ཚེ་བདེན་དཔང་ཅི་ཡོད་ཉར་ཚགས་བྱས་ཏེ། ལམ་སེང་འཕྲིན་སྟེགས་སུ་ཞུ་གཏུག་དང་སྦྲགས་ཉེན་རྟོག་པར་རོགས་རམ་རེ་ཞུ་འདོན་དགོས།
མགྱོགས་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་ཡང་བསྐྱར་ཁ་པར་སྤྱོད་མཁན་རྒྱ་ཆེའི་མ་རྒན་དར་མ་རྣམས་ཀྱིས་འབྲེལ་ཡོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་ཆ་འཕྲིན་རིགས་ལ་འཕྲད་ཚེ། གཤམ་གྱི་འབྲེལ་སྟངས་བརྒྱུད་དེ་འཕྲིན་སྟེགས་སུ་ཞུ་གཏུག་བྱེད་རོགས།
1. འཕྲིན་སྟེགས་ཀྱི་ཞུ་གཏུག་བྱེད་ས་ནས་ཐད་ཀར་ཞུ་གཏུག་བྱེད་དགོས། བྱེད་ཐབས་མང་པོ“ཞུ་གཏུག་བྱེད་ཐབས”འཚོལ་བཤེར་བྱས་ནས་རྒྱུས་ལོན་བྱ་ཆོག
2.ཁ་པར་གྱི་ཞུ་གཏུག་བྱེད་སྟངས་ནི། མགྲོན་ཞབས་ཞུ་གཏུག་སྐུད་ལམ་གྱི་ཨང་གྲངས400-006-6666བརྒྱབ་ནས་ཞུ་གཏུག་བྱ་དགོས།
3. ཡིག་ཟམ་ཞུ་གཏུག ཞུ་གཏུག་གི་ནང་དོན་ཞིབ་ཕྲ་བཀོད་དེ་ཡིག་ཟམsupport@kuaishou.comབསྐུར་དགོས།