མཚོ་སྔོན་ཞིང་ཆེན་ཚད་ལྡན་ཅན་བྱ་བའི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 ཟླ10པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཚད་ལྡན་ཅན་བྱ་བའི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། མཚོ་སྔོན་ཞིང་ཆེན་གྱི་ཚད་ལྡན་ཅན་བྱ་བའི་གཙོ་གནད་བྱ་ཐབས་དང་དུས་མཚམས་རང་བཞིན་གྱི་ཕན་འབྲས་མཚམས་སྦྱོར་བྱས་པ་རེད།

2021ལོའི་ལོ་མཇུག་ཏུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《རྒྱལ་ཁབ་ཀྱི་ཚད་ལྡན་ཅན་གྱི་འཕེལ་རྒྱས་རྩ་གནད》ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་བཀྲམ་པའི་ཚུན་དུ་དམིགས་ཚད་ལས་འགན་སོ་སོ་གཏན་འཁེལ་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་གོང་སྤེལ། དམངས་འཚོ་ལེགས་བཅོས། རྨང་གཞིའི་ནུས་པ་འཛུགས་སྐྱོང་བཅས་ཚད་ལྡན་ཅན་གྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་ཚད་ལྡན་མཁོ་སྤྲོད་རྒྱུན་མཐུད་ངང་རྒྱ་ཆེར་བཏང་སྟེ། ཚད་ལྡན་བཀོལ་སྤྱོད་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཚད་ལྡན་ཅན་གྱིས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པར་ཕན་འབྲས་རབ་དང་རིམ་པ་ཐོབ་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་ཚད་གཞི་དེ་སྐྱེ་ཁམས་བཅོས་སྐྱོང་བྱེད་པའི་ལག་རྩལ་གལ་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཐན་གཉིས་འཛུགས་སྐྲུན་དང་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་ཚད་ལྡན་ཅན་འཛུགས་སྐྲུན་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཚད་ལྡན་ཅན་ཁྲུའུ་ཡི་ཁྲུའུ་ཀྲང་། ཅི་ཞང་གིས་བཤད་རྒྱུར། རྒྱལ་ཡོངས་སུ《བེད་མེད་འོད་བརྟེན་ལྷུ་ལག་དང་བེད་མེད་རླུང་གློག་འཕྲུལ་ཚན་གྱི་ལྷུ་ལག་བེད་སྤྱོད་དང་ཐག་གཅོད་ཀྱི་སྦགས་བཙོག་ཚོད་འཛིན་ལག་རྩལ་ཁྲིད་སྲོལ》ཐོག་མར་འགྲེམས་སྤེལ་བྱས་པ་དེས། རྒྱལ་ནང་གི་དམག་ཁོངས་ལས་བུད་པའི་ནུས་ཁུངས་གསར་པའི་སྲ་གཟུགས་སྙིགས་རོ་ཐག་གཅོད་ཀྱི་ཚད་གཞིའི་སྟོང་ཆ་བསྐངས་པ་དང་། 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ཚད་གཞི》གཞིར་བཟུང་སྟེ། ཁྱིམ་ཚང་གཅིག་ལ་ལས་གནས་གཅིག་གི་དོ་དམ་སྲུང་སྐྱོབ་ལམ་ལུགས་ཇེ་བརྟན་དུ་གཏོང་བ་དང་།  ལྷུ་ལག་ཚང་བའི་སྐྱེ་ཁམས་ར་བསྐོར་དང“རྒྱང་ཁྲིད”མཁའ་དབྱིངས་གཞི་གཅིག་ཅན་གྱི་ལྟ་སྐུལ་དོ་དམ་གྱི་ཚད་གཞི་རབ་དང་རིམ་པ་བཏོན་ཡོད་པ་རེད། ནུས་ཁུངས་གཙང་མའི་ཁྱབ་ཁོངས་འོད་བརྟེན་དང་། རླུང་གློག  ནུས་གསོག་བཅས་མཚོ་འཕག་མཐོ་བའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་བཟོ་བའི་ཁྲོད་ཞུགས་ནས། རྒྱལ་ཡོངས་ཀྱི་སྔོན་ལ་ལྗང་མདོག་རྩིས་ཤུགས་རྨང་གཞིའི་སྒྲིག་བཀོད་ཀྱི་ས་གནས་ཚད་གཞི་ཁག5བཏོན་ཡོད། ནས་དང་ནོར་ནག  བོད་ལུག  འཕང་འབྲས་སོགས་མཐོ་སྒང་ཁྱད་ལྡན་རོང་འབྲོག་ཐོན་རྫས་ལ་དམིགས་ནས། གསོ་སྤེལ་དང་ལས་སྣོན་གསོག་འདྲེན། ཟོང་རྟགས་ཁུངས་འདེད་བཅས་ཕྲེང་ཐག་ཧྲིལ་པོའི་ཚད་གཞིའི་མ་ལག་བཙུགས་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།