མཚོ་སྔོན་གྱི་རྣམ་པ་གསར་བའི་གློག་ཤུགས་མ་ལག་ཞིབ་འཇུག་ལྟེ་གནས་བཙུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ཆར། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་སྒྲིག་འཛུགས་བྱས་པའི་མཚོ་སྔོན་གྱི་རྣམ་པ་གསར་བའི་གློག་ཤུགས་མ་ལག་ཞིབ་འཇུག་ལྟེ་གནས་ཀྱིས་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་དང་། མཚོ་སྔོན་གྱིས་རྣམ་པ་གསར་བའི་གློག་ཤུགས་མ་ལག་གི་ཞིང་ཆེན་རིམ་པའི་དཔེ་སྟོན་ཁུལ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་བསྐྲུན་ཆེད་ལག་རྩལ་གྱི་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས།

རླུང་གློག་གི་ནུས་ཁུངས་འཛོམས་ཏེ། ལྗང་མདོག་གི་རྦ་རླབས་འཕྱུར། ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་བྱེ་བ་བརྒྱད་ལས་བརྒལ་བ་དང་བསྟུན་ནས། ནུས་ཁུངས་གསར་པ་མཚོ་སྔོན་གྱི་གློག་ཁུངས་ཆེ་ཤོས་སུ་གྱུར་ཡོད། གློག་ཁུངས་གྲུབ་ཚུལ་འདིའི་འཕོ་འགྱུར་ཟབ་མོས། ནུས་ཁུངས་གློག་ཤུགས་ལྗང་མདོག་འཕེལ་རྒྱས་ལ་གོ་སྐབས་གལ་ཆེན་བསྐྲུན་པ་མ་ཟད། གློག་དྲའི་བདེ་འཇགས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་རྙོག་འཛིང་གི་འགྲན་སློང་ལའང་འཕྲད་ཡོད།

གློག་དྲའི་ནུས་ཁུངས་གསར་པའི་བསྡུར་ཚད་མཐོ་བའི་ཁྱད་ཆོས་དང་གློག་ཤུགས་གློག་རྡུལ་ཅན་གྱི་གློག་དྲའི“མཐོ་གཉིས”ཀྱི་དཀའ་ཁག་ལ་གཞིགས་ནས། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་ཚན་ཞིབ་འགག་སྒྲོལ་མཐོ་སྒང་གི་དངོས་ལྗོངས་སུ་རྐང་ཚུགས་ཤིང་། ཀོས་ནན་རྫོང་གི་སྟོང་ཝ་ས་ཡ་གཅིག་ཟིན་པའི་འོད་གསོག་གཞི་གཅིག་ཅན་གྱི་རྣམ་གྲངས་ལ་བརྟེན་ནས། བཟོ་སྐྲུན་གྱི་དོན་དངོས་དང་བསྟུན་པའི་མཚོ་འཕགས་མཐོ་བའི་ཚོད་ལྟའི་ཁོར་ཡུག་བསྐྲུན་ཏེ། རིགས་སོ་སོའི་ནུས་ཁུངས་གསར་པའི་སྒྲིག་ཆས་དང་དྲ་སྦྲེལ་ཐབས་ཇུས་ལ་མ་ལག་རང་བཞིན་གྱི་ཚད་ལེན་ཚོད་ལྟ་དང་དྲ་སྦྲེལ་ར་སྤྲོད་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་འོད་གསོག་གཞི་གཅིག་ཅན་གྱི་ཚན་ཞིབ་དངོས་དཔང་རྟེན་གཞི་ཆེ་གྲས་ཐོག་མ་བསྐྲུན་ནས། རྒྱལ་ནང་གི་མཚོ་འཕགས་མཐོ་བའི་འོད་གསོག་རྟེན་གཞི་ཆེ་གྲས་ཀྱི་མ་ལག་རིམ་པའི་ར་སྤྲོད་བྱེད་ཐབས་མ་ལག་དང་དངོས་དཔྱད་གཞི་གྲངས་ཀྱི་སྟོང་ཆ་བསྐངས། 

རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་ཚན་རྩལ་པུའུ་ཡི་ཀྲུའུ་རེན། 赵世昌ཀྲའོ་ཧྲི་ཁྲང་གིས་བཤད་རྒྱུར།

ཀོས་ནན་གྱི་ཚན་ཞིབ་རྟེན་གཞི་འདི་ནི་ནུས་ཁུངས་གསར་པའི་གློག་འདོན་ཁང་ཞིག་ཡིན་པ་མ་ཟད། ལྷག་ཏུ་རྣམ་པ་གསར་བའི་གློག་ཤུགས་མ་ལག་ལ་ཁ་ཕྱོགས་པའི“ཚོད་ལྟའི་དངོས་དཔང་བཟོ་གྲྭ་”ཆེ་གྲས་ཤིག་ཀྱང་ཡིན། ཚོད་ལྟའི་དངོས་དཔང་སྟེགས་བུ10དང་ལག་རྩལ་དཔེ་སྟོན་ཡུལ་རྣམ4བཀོད་སྒྲིག་བྱས་ཡོད་དེ། ལག་རྩལ་གསར་པར་མ་ལག་རང་བཞིན་གྱི“ལུས་ཕུང་བརྟག་དཔྱད”བྱས་པ་དང་མཚུངས་པས། མཐོ་སྒང་གི་བསྡུར་ཚད་མཐོ་བའི་ནུས་ཁུངས་གསར་པའི་གློག་དྲར་ཆེད་གཏོགས་ཚན་ཞིབ་འདེགས་སྐྱོར་གཞི་རྟེན་ཞིག་བཏོད། 

ཁེར་རྐྱང་ཐོད་བརྒལ་གྱིས་མ་ལག་གྲུབ་དཀའ་ལ།  གདུབ་གཟུགས་གསར་གཏོད་བྱས་ན་ད་གཟོད་བསྟུད་མར་གྲུབ་འབྲས་ཕྱིར་གཏོང་བྱེད་ཐུབ། ཀོས་ནན་གྱིས་དངོས་དཔང་རྟེན་གཞི་གཞི་རྟེན་དུ་བྱས་ནས། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིས་མཚོ་སྔོན་གྱི་རིག་ནུས་ཐཱན་ཟུང་གཞི་གྲངས་ཆེན་མོའི་ལྟེ་གནས་དང་མཚོ་སྔོན་གྱི་ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ཤུགས་བཀོད་གཏོང་ལྟེ་གནས་དང་མཉམ་སྦྲེལ་བྱས་ཏེ། “གཞི་གྲངས་དབྱེ་ཞིབ་དང་འདྲ་བཟོ་ཞིབ་དཔྱོད། ཡུལ་དངོས་དངོས་དཔང”བཅས་གཞི་གཅིག་ཅན་གྱི་ཚན་ཞིབ་མུ་ཕྲེང་བཙུགས་ནས།  རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཚོད་ལྟ་ཁང་ནས་ཕྱིར་བསྐྱོད་དེ། མཐོ་སྒང་གློག་དྲ་རིམ་འཇུག་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་། 

​མ་ལག་ཧྲིལ་པོའི“ལྟེ་བ་གཙོ་བོ”ཡིན་པའི་ཆ་ནས། ཞིབ་འཇུག་ལྟེ་གནས་ཀྱིས“ཁུངས-དྲ-ཐེག་ཚད-གསོག-ཐཱན་”ཚང་མ་ཁྱབ་པའི་མུ་ཕྲེང་ཧྲིལ་པོའི་ཞིབ་འཇུག་མ་ལག་བཙུགས་ཏེ། བསྡུར་ཚད་མཐོ་བའི་ནུས་ཁུངས་གསར་པའི་དྲ་སྦྲེལ་ལག་རྩལ་གྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་པའི་དུས་མཚུངས་སུ་དུས་ཡུན་རིང་འབྲིང་གི་འཆར་འགོད་སྒྲིག་བཟོ་དང་མདུན་གྲལ་གྱི་ཞིབ་འཇུག་བྱ་གཞིའི་འགག་སྒྲོལ་ལ་སྐུལ་འདེད་བཏང་སྟེ།  གནད་འཁེལ་བཀོད་སྒྲིག་དང་། ལྟེ་བའི་ལག་རྩལ་འགག་སྒྲོལ། ངེས་པ་དོན་གྱི་གྲུབ་འབྲས་ལོན་པར་བརྩོན་ལེན་བྱས། 

མཚོ་སྔོན་གྱི་རྣམ་པ་གསར་བའི་གློག་ཤུགས་མ་ལག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། ཁྲེན་ཞུའེ་ཡིས་བཤད་རྒྱུར།

ལག་རྩལ་རྐྱང་པའི་ཐོད་བརྒལ་ནས་མ་ལག་ཅན་གྱི་དཔེ་སྟོན་ཕྱོགས་སུ་བསྐྱོད་པར། མཚོ་སྔོན་གྱིས་ཐུན་མོང་མ་ཡིན་པའི་ནུས་ཁུངས་གསར་པའི་ཡུལ་རྣམ་དགེ་མཚན་ལ་བརྟེན་ནས། གོ་ལ་ཧྲིལ་པོའི་ནུས་ཁུངས་ཚུལ་སྒྱུར་གྱི་མདུན་གྲལ་གྱི་དཀའ་ཁག་ལ་གདོང་གཏད་དེ། རྒྱུན་མཐུད་ཀྱི་ཚན་རྩལ་གསར་གཏོད་འགག་སྒྲོལ་དང་མ་ལག་ཅན་གྱི་དཔེ་སྟོན་ལག་ལེན་བརྒྱུད།  ཀྲུང་གོས་་ནུས་ཁོངས་གཙང་མ་དང་ཐཱན་ཉུང་། བདེ་འཇགས་ནུས་མཐོའི་དེང་རབས་ནུས་ཁུངས་མ་ལག་བསྐྲུན་ཆེད། རྒྱུན་ཆད་མེད་པར་མཚོ་སྔོན་གྱི་ཇུས་གཞི་དང་མཚོ་སྔོན་གྱི་མ་དཔེ་མཁོ་འདོན་བྱས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།