ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས20ཉིན་ནས་ཚེས21ཉིན་དུ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས་ཏེ། “མཐོ་སྒང་གི་གྲང་ངར་ཆེ་བའི་གནམ་གཤིས་ཀྱི་ལེགས་ཆ་ལ་གཞི་བཙུགས་ཏེ། ཚ་གཡོལ་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”སྐོར་ལ་སྲིད་དོན་གྲོས་མོལ་བྱས་པ་དང་། འབྲེལ་ཡོད་མི་དོན་སྐོར་གྱི་གྲོས་མོལ་ལ་གྲོས་མཐུན་བྱུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁྲེང་ཅི་ཝེ་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་བྱ་བའི་གནས་ཚུལ་འཚམས་སྦྱོར་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཁུའེ་ཡིས་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་ཕུལ། 

ཚོགས་འདུའི་སྐབས་བློ་མཐུན7གྱིས་གཏམ་བཤད་སྤེལ་བ་དང་། ཚོགས་ཞུགས་བློ་མཐུན་ཡོངས་ཚན་ཆུང་གི་གྲོས་བསྡུར་ནང་ཞུགས་ཏེ་གྲོས་མོལ་གཏིང་ཟབ་བྱས། ཚང་མས་ཐུན་མོང་དུ་ངོས་འཛིན་བྱེད་རྒྱུར། ཚ་གཡོལ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་མཐུན་ལ། གནམ་གཤིས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་དམ་དུ་སྦྲེལ་ནས། ཚོང་རའི་དངོས་གཞི་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། མི་དམངས་མང་ཚོགས་ཀྱི་གསར་སྐྲུན་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། ལས་རྣམ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། མི་སྣའི་འཁོར་རྒྱུག་ལ་ཤུགས་སྣོན་པ། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། ཐུན་མོང་གིས་མཐོ་སྒང་གི་ཚ་གཡོལ་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་དགོས། 

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཚ་གཡོལ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་འགུལ་སྐྱོད་ཅིག་ཡིན་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་གནས་ཡུལ་འཛུགས་བསྐྲུན་བྱེད་པའི་གཞོགས་འདེགས་ཤིག་ཡིན་ལ། རྒྱལ་སྤྱི་དང་རྒྱལ་ནང་གི་འཛད་སྤྱོད་རིམ་འཕར་གྱི་འཕེལ་ཕྱོགས་དང་མཐུན་པའི་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་བྱེད་པ་དང་ཡང་མཐུན། གནས་བབ་དང་བསྟུན་ནས་ཁྱད་པར་ཅན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་དང་། མཐོ་སྒང་གསོ་རིག་ཚན་ཞིབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཚ་གཡོལ་ཐོན་ལས་འཕེལ་རྒྱས་གཏོང་དགོས་ལ། ཚ་གཡོལ་དཔལ་འབྱོར་དང་མཐོ་སྒང་གི་ཁམས་གསོ། སྐྱེ་ཁམས་ཡུལ་སྐོར། རིག་གནས་ལུས་རྩལ། དེང་རབས་ཞིང་ལས་བཅས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ལས་རྣམ་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས། རྩེར་སོན་གྱི་ཚ་གཡོལ་ཡུལ་སྐོར་གྱི་ཞག་སྡོད་ཐོན་ལས་བསྐྲུན་ནས། ཁྱད་དུ་འཕགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཚན་ཞིབ་ཀྱི་ལེགས་ཆ་དེ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་སྒྱུར་དགོས། ས་ཁོངས་ཧྲིལ་པོའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྣ་མང་ཅན་གྱི་དམིགས་བསལ་ལེགས་ཆ་ཆེ་རུ་བཏང་སྟེ། ཟི་ལིང་གིས“ཀྲུང་གོའི་བསིལ་ལྡན་གྲོང”གི་སྤུས་རྟགས་དང་གྲོང་ཁྱེར་གྱི་ལྟེ་བའི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཁྱེར་དང་ཁུལ་སོ་སོའི་ཁྱད་ལྡན་ཐོན་ཁུངས་དང་འགྲུལ་རྒྱུན་ལ་བརྟེན་ནས། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་སྣེ་ཁྲིད་དང་། ས་ཁོངས་ཡོངས་མཉམ་འགུལ། འགྲུལ་རྒྱུན་སྦྲེལ་མཐུད། ལེགས་ཆ་གསབ་རེས། ཕྱོགས་གཉིས་ནུས་སྐྱེད་བཅས་ཀྱི་འཕེལ་རྒྱས་ཀྱི་གནས་སྟངས་ཆགས་པར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཚ་གཡོལ་ཐོན་ལས་སྤྱི་ཡོངས་ནས་འཕར་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཨུ་ཡོན། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་བཅས་ཀྱིས་འགན་ནུས་ཀྱི་ལེགས་ཆ་དང་ཆེད་ལས་ཀྱི་ཁྱད་ཆོས་མུ་མཐུད་འདོན་སྤེལ་བྱས་ཏེ། གཟུར་གནས་ཀྱི་གཏམ་མང་ཙམ་བཤད་པ་དང་ནུས་ལྡན་གྱི་ཐབས་མང་ཙམ་བཏོན་ནས། མུ་མཐུད་དུ་མཚོ་སྔོན་གྱི་ཚ་གཡོལ་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ཐབས་ཇུས་དང་ནུས་ཤུགས་འདོན་དགོས།

མཇུག་སྒྲིལ་ཚོགས་འདུ་མ་ཚོགས་སྔོན་ལ། ཁྲིན་ཏུའུ་ཆ་འཕྲིན་བཟོ་སྐྲུན་སློབ་ཆེན་ཁོར་ཡུག་གནམ་གཤིས་དང་བདེ་ཐང་ཞིབ་འཇུག་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཝང་ཅིན་ཀུང་གིས། “མཐོ་སྒང་གནམ་གཤིས་ཀྱི་ལེགས་ཆ་འདོན་སྤེལ་དང་གོ་ལ་ཧྲིལ་བོ་དྲོད་འགྱུར་གྱི་ཁེ་ཕན་དང་ལེན་བྱེད་པ། མཚོ་སྔོན་གྱི་ཚ་གཡོལ་དང་ཁམས་གསོའི་ཡུལ་སྐོར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ”ཞེས་པའི་ཆེད་དོན་འཆད་ཁྲིད་བྱས།

རིན་ཆེན་རྣམ་རྒྱལ་དང་། ཁོང་རུང་། ཝང་ཅུན། ཀྲང་ཞའོ་རུང་། ཐེན་ཁུའེ། གསེར་ཁྲི·ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡུའེ་ཞང་། ཀྲུའུ་ཞང་ཏུང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།