ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་ལེགས་སྐྱོང་བཞུགས་མོལ་ཚོགས་འདུ་དང་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་ལེགས་སྐྱོང་བྱ་བའི་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ10པའི་ཚེས21ཉིན།  མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་ལེགས་སྐྱོང་བཞུགས་མོལ་ཚོགས་འདུ་དང་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་ལེགས་སྐྱོང་བྱ་བའི་རྐྱེན་སྲོལ་ཚོགས་འདུ་ཐེངས་དང་པོ་བསྡུས། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་ལེགས་སྐྱོང་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། རྒྱལ་ཡོངས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། བྱ་བ་སྤྱི་བསྡོམས་དང་ལས་འགན་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཚད་མཐོའི་སྐུལ་འདེད་་རྒྱུན་འཁྱོངས་དང་། ཞིང་ཆེན་ཏང་ཨུའི་བསམ་པའི་དཔལ་ཡོན་གྱི་ཆེད་དོན་བྱ་བའི་རྐྱེན་སྲོལ་གྱི་གཅིག་གྱུར་འཆར་འགོད་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱས་ཤིང་། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་དམ་པོར་དམིགས་ནས། “གསོ་སྐྱོང་ལྔའི”མཉམ་འདྲེས་རྒྱུན་འཁྱོངས་དང་།  རིགས་དབྱེ་ཇུས་འདོན་བྱེད་ཤུགས་ཇེ་ཆེ་རུ་བཏང་སྟེ། ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་ལེགས་སྐྱོང་ཐད་འཕེལ་རིམ་ལེགས་པོ་ཡོང་བར་སྐུལ་འདེད་བཏང་ལ། མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་ཀུན་སྤྱོད་ལེགས་སྐྱོང་གི་འཕེལ་ཕྱོགས་གཙོ་བོ་ཡར་ཐོན་ཡོང་བར་བྱས་ནས།  ཏང་དང་རྒྱལ་ཁབ་ལ་དགའ་བ་དང་།  ཕུགས་བསམ་ཆེན་པོ་བཅངས་པ།  སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ། ངལ་རྩོལ་ལ་དགའ་ཞེན། མཐུན་སྒྲིལ་མཛའ་བརྩེ། ཡ་རབས་གུས་ལྡན་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་ལེགས་སྐྱོང་ནི་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་བྱ་བ་ཞིག་རེད། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས།  སློབ་གྲྭས་མི་སྐྱེད་སྲིང་གི་འགན་འཁྲི་གཙོ་བོ་དམ་འཛིན་ནན་མོ་དང་། སེམས་རྣལ་དུ་ཕབ་ནས་ཁྱིམ་ཚང་གི་སློབ་གསོ་ལེགས་པར་བསྒྲུབ་པ། སྤྱོད་གཙང་གཞུང་དྲང་གི་སྤྱི་ཚོགས་རིག་གནས་ཁོར་ཡུག་བསྐྲུན་པ། ཁྱོན་ཡོངས་ནས་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ།  ནར་མ་སོན་པའི་མི་སྲུང་སྐྱོབ་དང་ཉེས་གསོག་སྔོན་འགོག་དང་ཡོ་བསྲང་བྱེད་པར་ཤུགས་སྣོན་བཅས་བྱས་ནས། ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་ལེགས་སྐྱོང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།  ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་མཐུན་གཞོགས་འདེགས་དང་། གོང་འོག་མཉམ་འགུལ། མཉམ་ལེན་སྤྱི་སྒྲུབ་བཅས་ཀྱི་བྱ་བའི་རྣམ་པ་ཞིག་བསྐྲུན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་སྤྱོད་གོ་ཆོད་པ་དང་ལས་འགན་ལྕི་པོ་འཁུར་ཐུབ་པའི་དུས་རབས་ཀྱི་ཀ་གདུང་ལྟ་བུ་སྔར་ལས་མང་བ་སྐྱེད་སྲིང་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།