མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་རྐང་གྲུག་དར་རྒྱས་གོང་འཕེལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་འཚོགས་པ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས19ཉིན་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་རྐང་གྲུག་དར་རྒྱས་གོང་འཕེལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཤིང་།  གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྐང་གྲུག་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྐང་གྲུག་དར་རྒྱས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ།    “མཚོ་སྔོན་རིམ་འདས་མཉམ་འགྲན”གྱི་ལོ་གསུམ་རིང་གི་ལག་ལེན་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་ལྟ་དང་།  ད་ལྟའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཏེ།    མ་འོངས་པའི་དུས་སྐབས་ཤིག་རིང་གི་མཐོ་སྒང་རྐང་གྲུག་དར་རྒྱས་གོང་འཕེལ་གྱི་བྱ་བ་གཙོ་བོ་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ནས་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་རྐང་གྲུག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད། 

གྲོས་ཚོགས་ལས་བསྟན་དོན།     ལོ་གསུམ་གྱི་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད།   མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་རྐང་གྲུག་བྱ་གཞག་གི་ཟོང་རྟགས་འཛུགས་སྐྱོང་དང་།  འགྲན་སྡུར་བཅོས་སྒྲིག   དཔུང་ཁག་འཛུགས་སྐྱོང་།   རྩལ་འགྲན་ཆུ་ཚད།    མཉམ་འདྲེས་འཕེལ་རྒྱས།   འཇོན་མི་སྐྱེད་སྲིང་བཅས་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས“མཚོ་སྔོན་རིམ་འདས་མཉམ་འགྲན”དེ་རྒྱལ་ཁབ་ཀྱི་མང་ཚོགས་ཀྱི“རྐང་གྲུག་ཆེན་པོ་གསུམ”གྱི་རྩེར་སོན་འགྲན་སྡུར་ནང་ཚུད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཞི་རྟེན་གསོན་པོ་ཞིག་ཏུ་གྱུར་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།   རྐང་གྲུག་དར་སྤེལ་ནི་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན།   ཏང་ཨུའི་འགོ་ཁྲིད་དང་སྲིད་གཞུང་གིས་སྐུལ་སྤེལ།      རྩལ་འགྲན་ངོ་མཚར།   དམངས་འཚོར་ཕན་པ།   སྒོ་འབྱེད་མཉམ་ལས།    ཚད་གཞི་རྩེར་སོན།    ཆོས་ཉིད་བརྩི་སྲུང་།   ཡུན་རིང་འབད་འབུངས་བཅས་རྒྱུན་འཁྱོངས་བྱེད་དགོས། མ་འོངས་པའི་ལོ་ལྔའི་གནད་འགག་གི་དུས་མཚམས་ལ་དམིགས་ཏེ་རིམ་པ་མང་བའི་འགྲན་སྡུར་དང་།   ལུས་རྩལ་སློབ་གསོ་མཉམ་འདྲེས། རྩལ་ཁྲིད་པ་དང་ཤན་འབྱེད་པའི་དཔུང་སྡེ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ན་ཆུང་གསོ་སྦྱོང་དང་། རིག་གནས་ཁྱབ་སྤེལ། ཐོན་ལས་འཕེལ་རྒྱས་བཅས་ཀྱི་མ་ལག་འཛུགས་རྒྱུར་ཤུགས་རྒྱག་དགོས། “མཚོ་སྔོན་རིམ་འདས་མཉམ་འགྲན”གྱི་ལྟེ་བའི་སྤུས་རྟགས་རྒྱུན་མཐུད་སྟོབས་ཆེར་གཏོང་བ་དང་འགྲན་སྡུར་སྣ་ཚོགས་ཡག་པོ་སྒྲུབ་པ།  སློབ་གྲྭའི་རིམ་བཞིའི་མཉམ་འབྲེལ་འགྲན་སྡུར། གཞི་རིམ་མང་ཚོགས་ཀྱི་རྐང་གྲུག་འགྲན་སྡུར་བཅས་ཡག་པོ་སྒྲུབ་དགོས།    ལུས་རྩལ་སློབ་གསོ་མཉམ་འདྲེས་ཟབ་སྤེལ་དང་སློབ་གྲྭའི་རྐང་གྲུག་མི་སྣ་གསོ་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ།  ན་ཆུང་འཇོན་མི་འདེམས་སྒྲུག་དང་གསོ་སྐྱོང་།   སློབ་འཕར།   མཁོ་འདོན་བཅས་ཀྱི་མུ་ཕྲེང་ཧྲིལ་པོ་ཤར་གཏོང་བྱེད་དགོས། རྩལ་འཁྲིད་པ་དང་ཤན་འབྱེད་པའི་འཇོན་མིའི་དཔུང་ཁག་སྟོབས་ཆེར་བཏང་ནས་ཆེད་ལས་སྟོབས་ཤུགས་ཀྱི་ཞན་ཆ་གསབ་དགོས།    ཞིང་ཆེན་དང་གྲོང་ཁྱེར(ཁུལ)རྫོང་རིམ་པ་གསུམ་པའི་གཞོན་ནུའི་སྦྱོང་བརྡར་བཀོད་སྒྲིག་འཐུས་ཚང་དུ་བཏང་ནས་ས་གནས་ཀྱི་རྐང་གྲུག་འཇོན་མིའི་གསོ་སྐྱོང་གསོན་ཤུགས་འཕེལ་བར་བྱེད་དགོས།   མཐོ་སྒང་རྐང་གྲུག་གི་སྙིང་སྟོབས་ཀྱི་ནང་སྙིང་ཇེ་ཟབ་ཏུ་བཏང་ནས་མཚོ་སྔོན་གྱི་རྐང་གྲུག་གཏམ་རྒྱུད་ཡག་པོ་བཤད་པ་དང་ས་གནས་ཀྱི་རྐང་གྲུག་རིག་གནས་གསོ་སྐྱོང་བྱེད་དགོས།   ཐོན་ཁུངས་སྣ་ཚོགས་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་ཚོང་རའི་གྲུབ་ཆ་གཙོ་བོ་སྐུལ་སློང་དང་། “འགྲན་སྡུར་ལ་བརྟེན་ནས་འགྲན་སྡུར་སྐྱེད་སྲིང་བྱེད་པའི”རྒྱུན་མཐུད་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་འགྲན་སྡུར་གྱི་གྲགས་རྒྱུན་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་ཚད་དུ་འགྱུར་དགོས།

གྲོས་ཚོགས་ལས་བླང་བྱ་བསྟན་དོན།  རྩ་འཛུགས་འགོ་ཁྲིད་དང་། ལས་རིགས་དྲུག་མཉམ་འདྲེས། སྤེལ་རེས་དང་ཕན་ཚུན་དཔེ་གཞིར་འཛིན་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་དགོས་ལ།   སྡེ་ཁག་གི་མཉམ་ལས་ལ་ཤུགས་སྣོན་པ་དང་།  ཞིང་ཆེན་དབར་གྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ།  འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བཅས་བྱས་ཏེ།    རྒྱུན་མཐུད་འབད་འཐབ་ཀྱི་སེམས་ཤུགས་བརྟན་པོ་དང་རྒྱུན་གཏན་ཡུན་ཕན་དོན་གཉེར་གྱི་ཐོག་ནས་མཐོ་སྒང་རྐང་གྲུག་དར་རྒྱས་དང་མཚོ་སྔོན་གྱི་རྐང་གྲུག་སྙན་པ་རྒྱས་སུ་འཇུག་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་ལུས་རྩལ་ཅུས་དང་ཞིང་ཆེན་སློབ་གསོ་ཐིང་གི་བྱ་བའི་སྙན་ཞུར་ཉན་པ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་། ཡུས་ཧྲུའུ་ཁུལ་སྲིད་གཞུང་། མཚོ་སྔོན་དགེ་འོས་སློབ་ཆེན་དང་ལུས་རྩལ་པའི་འཐུས་མི་བཅས་ཀྱི་སྤེལ་རེས་གཏམ་བཤད་ལ་ཉན།  ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་འགན་ཁུར་བློ་མཐུན། མཐོ་རིམ་སློབ་གྲྭ། རྐང་གྲུག་མཐུན་ཚོགས། ལུས་རྩལ་པའི་འཐུས་མི་བཅས་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།