ཟླ10པའི་ཚེས20ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་སྦྱོར་རེ་འགར་སོང་ནས་རྟོག་ཞིབ་བྱས་པ་དང་། གསར་འགྱུར་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་སྨྱན་སྦྱོར་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། བརྗོད་བྱ་གཙོ་བོ་གླེང་བ་དང་དྲང་ནུས་བརྒྱུད་གཏོང་བཅས་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་དང་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
ལུའོ་ཏུང་ཁྲོན་མི་དམངས་ཉིན་རེའི་ཚགས་པར་ཁང་མཚོ་སྔོན་ཡན་ལག་ཁང་དུ་སོང་ནས་གསར་འགྱུར་གལ་ཆེན་སྤེལ་བ་དང་འགོ་ཁྲིད་ཀྱི་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་ལ་ཉན་པ་མ་ཟད། མཚོ་སྔོན་ཡན་ལག་ཁང་གིས་ཚགས་པར་དང་དྲ་རྒྱ་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། གསར་འགྱུར་དྲིལ་སྒྲོག་གི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། མཚོ་སྔོན་དུས་རབས་གསར་པའི་དྲ་རྒྱའི་མང་ཚོགས་ལམ་ཕྱོགས་སྟེང་བསྐྱོད་པར་རོགས་འདེགས་བྱེད་དགོས་པའི་སྐུལ་མ་བཏང་། ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་དུ་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཡན་ལག་ཁང་གི་འཕེལ་རྒྱས་ལོ་རྒྱུས་དང་ཀུན་འདུས་སྨྱན་སྦྱོར་སྟེགས་བུ་འཁོར་སྐྱོད་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས་རྗེས། ཁུ་ནུ་རིག་གནས་གླེང་སྟེགས་མུ་མཐུད་དུ་ལེགས་པོར་བསྒྲུབ་པ་དང་། མཚོ་སྔོན་གྱི་ཁྱིམ་སྟོན་དང་གྲང་བསིལ་སྔོ་ཚལ་ཕྱིར་གཏོང་སོགས་གསོན་ཉམས་ལྡན་པའི་གཏམ་རྒྱུད་ལེགས་པོར་བཤད་པ། བློ་འདོན་ཇུས་འབུལ་ཡག་པོ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཐད་སྐུལ་འདེད་སྔར་ལས་ལེགས་པོ་གཏོང་དགོས་ཞེས་བསྟན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་སུ། ལུའོ་ཏུང་ཁྲོན་གྱིས་མདོ་དབུས་མཐོ་སྒང་གི“5G+4K”མཉམ་འདྲེས་སྨྱན་སྦྱོར་བརྒྱུད་གཏོང་ལྟེ་གནས་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། སྤྱི་ཁྱབ་ས་ཚིགས་ཀྱིས་ལྟ་ཉན་བརྒྱུད་གཏོང་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། གཙོད་གནས་སྤོར་དང་གསེར་ཉ་ཚང་ལོག་པ། ཚྭ་མཚོའི་ཚན་རིག་ཁྱབ་གདལ་སོགས་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་གསར་འགོད་ལེགས་པོར་བསྒྲུབ་ནས་ཕུལ་བྱུང་ལེ་ཚན་སྔར་ལས་མང་པོ་བསྒྲུབ་དགོས་ལ། རྨ་ཙོང་རིག་གནས་དང་ཁམས་ར་སོགས་ལོ་རྒྱུས་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོན་འདོན་ཟབ་མོ་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་བསྩལ་ནས་རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་སྔར་ལས་ལེགས་པོར་མངོན་དགོས་པའི་རེ་བ་བཏོན།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་སྦྱོར་གྱི་དུས་ཡུན་རིང་བོའི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ད་བར་དུ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་སྦྱོར་གྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཁྲིད་ཕྱོགས། རིན་ཐང་ཁྱེར་ཕྱོགས་བཅས་ཡང་དག་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོན་པོ་དང་སྤུས་ཚད་མཐོ་བའི་གསར་འགོད་ལ་བརྟེན་ནས་མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ཀྱི་འཕེལ་རྒྱས་ཐད་ནུས་ཡོད་ཀྱི་གླེང་ཕྱོགས་འདེགས་སྐྱོར་འདོན་སྤྲོད་བྱས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། མཚོ་སྔོན་བྱས་རྗེས་ཆེན་པོ་འཇོག་པ་དང་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པའི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པ་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་སྦྱོར་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་པས། གསར་འགྱུར་གླེང་ཕྱོགས་ཀྱི་གཙོ་ཤུགས་དམག་དཔུང་གི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་དུ་མཚོ་སྔོན་གྱིས་མངག་བཅོལ་ཡིད་ལ་དམ་པོར་བཟུང་ནས་དྲིན་གཟོ་འབད་འཐབ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དྲིལ་སྒྲོག་གང་ལེགས་བྱེད་དགོས་པ་དང་། སྨྱུག་རྩེ་དང་བརྙན་མིག་མཚོ་སྔོན་གྱིས་ཀྲུང་ཧྭ་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བཟང་པོ་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བཅས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོའི་སྟེང་བཀོལ་བ་དང་། དུས་རབས་ཀྱི་སྣང་བརྙན་མངོན་ཐུབ་པ་དང་འཕེལ་རྒྱས་འགྱུར་ལྡོག་མངོན་ཐུབ་པའི་གཏམ་རྒྱུད་མང་པོ་བཙལ་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་ཡིད་ཆེས་ཇེ་བརྟན་དང་རེ་བ་ཇེ་ཆེ། སྟོབས་ཤུགས་གཅིག་བསྡུས། སེམས་ཤུགས་བསྐྱེད་པ་བཅས་བྱེད་དགོས་ལ། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དགེ་མཚན་དང་རིན་ཐང་ཆེན་པོ་མངོན་པར་བྱས་ནས། རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་མཛེས་པ་དང་འཕེལ་རྒྱས་ཀྱི་མཛེས་པ། མི་ཚུལ་རིག་གནས་ཀྱི་མཛེས་པ་བཅས་དྲིག་སྒྲོག་བྱས་ནས། མཚོ་སྔོན་གྱི་མིང་གྲགས་ཚད་དང་ཤུགས་རྐྱེན་ཐེབས་ཚད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་པ་མ་ཟད། གླེང་ཕྱོགས་ཐད་ཀྱི་ལྟ་སྐུལ་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབ་པ་དང་། སེམས་པ་གཅིག་ཏུ་སྒྲིལ་ཞིང་ནུས་ཤུགས་མཉམ་དུ་བཏོན་ནས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་དང་བསམ་སྤྱོད་གཅིག་མཐུན་དང་དྲི་བར་གཅིག་མཐུན་གྱིས་ལན་བཏབ་ནས་ཐུན་མོང་ཐོག་མཚོ་སྔོན་གྱི་བྱ་བ་སྔར་ལས་ལེགས་པོར་བསྒྲུབ་དགོས་པའི་རེ་བ་བཏོན། ཞིང་ཆེན་ཏང་ཨུས་སྔར་མུས་བཞིན་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་སྦྱོར་གྱིས་ལས་དོན་སྤེལ་བར་མཐུན་རྐྱེན་བསྐྲུན་པ་དང་ཞབས་ཞུ་འགན་སྲུང་སྔར་ལས་ལེགས་པོ་བྱེད་ངེས་ཡིན།
ཝང་ཏ་ནན་དང་ཀྲུའུ་ཞང་ཧྥིན་གཉིས་རྟོག་ཞིབ་ཁྲོད་ཞུགས།