མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས20ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུ་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། མིག་སྔའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། དུས་ཚིགས་བཞི་པའི་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པར་སྐུལ་སློང་བྱས་ཤིང་། དམིགས་འབེན་གཏན་འཁེལ་དང་གནོན་ཤུགས་བསྩལ་ནས། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་བློ་བརྟན་འགྱུར་མེད་ངང་ལེགས་འགྲུབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པའི་འགན་ལེན་བྱས།

ཚོགས་འདུ་ལས་བསྟན་དོན། ད་ལོའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་གཞིར་བཟུང་ནས། ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན། ཡར་རྒྱས་བརྩོན་ལེན་དང་འགག་སྒྲོལ་དཀའ་སེལ་བྱས་པས། དཔལ་འབྱོར་འཁོར་སྐྱོད་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། དུས་ཚིགས་བཞི་པ་ནི་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་འགྲུབ་དང་བརྟན་པོའི་ངང་འཕར་བར་ཐག་གཅོད་པའི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས་ཤིག་རེད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྔར་ལས་བློ་ཐག་རྦད་ཆོད་དང་ནུས་ལྡན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས། དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་འཁྱེར་སོ་དང་དངོས་དོན་གཉེར་ཞིང་ཉམས་སད་ཐེག་ཐུབ་པའི་བྱ་བའི་སྤྱོད་ཚུལ་རྒྱུན་འཁྱོངས། ཤུགས་ཚད་སྔར་ལས་ཆེ་བ་དང་། བྱེད་ཐབས་སྔར་ལས་ཏན་ཏིག་ལ་བརྟེན་ནས་ལས་ཞུགས་བརྟན་པོ་དང་ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་བྱས་ཏེ། དུས་ཚིགས་བཞི་པའི་མཐའ་མའི་གདོང་མཆོང་དང་མཇུག་བསྡུ་བའི་དམག་འཐབ་ཡག་པོ་རྒྱག་དགོས། ནུས་ཤུགས་ཡོད་རྒུས་བཟོ་ལས་འཕར་སྣོན་གཏོང་བའི་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་། བཟོ་ལས་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། གློག་ཤུགས་མཁོ་འདོན་བརྟན་པོ་དང་ཐོན་སྐྱེད་བརྟན་པོ་ཡོང་བའི་གོ་སྐབས་བཟང་པོ་དམ་འཛིན་བྱེད་པ། ཁེ་ལས་ལ་རོགས་རམ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱེད་པ། གཙོ་གནད་ཁེ་ལས་ཀྱི་ཐོན་ཚད་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ། གཙོ་གནད་བཟོ་ལས་ཐོན་རྫས་ཐོན་ཚད་བརྟན་པོའི་ངང་འཕར་སྣོན་ཡོང་བ་དང་ཐོན་སྐྱེད་དང་ཕྱིར་འཚོང་གཉིས་ཀ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བཟོ་ལས་འཕར་སྣོན་གྱི་གནས་བབ་སྲུང་འཛིན་བྱེད་དགོས། ནུས་ཤུགས་ཡོད་རྒུས་དངུལ་གཏོང་རྒྱུན་མཐུད་དང་བརྟན་པོའི་ངང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཆ་དང་ནུས་ཁུངས་ཟད་གྲོན། མ་དངུལ། ཞིབ་མཆན་འགོད་པ་སོགས་ཀྱི་བདག་རྐྱེན་གནད་འཁེལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཡུན་ལྡོག་སྒྲིག་དང་གཙོ་གནད་ལས་གཞི་ལ་སྐུལ་འདེད་གཏོང་བ། “དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཚོང་འགུགས་དངུལ་འདྲེན་དང་ལས་གཞི་གྲབས་གསོག་དམ་འཛིན་ཏན་ཏིག་བྱེད་པ། ཁང་སའི་ཐོན་ལས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་ཨར་ལས་ལས་རིགས་ཀྱི་སྤུས་ཚད་རིམ་སྤོར་བྱས་ནས། ཕན་ནུས་ལྡན་པའི་དངུལ་གཏོང་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས། འཛད་སྤྱོད་ཁྲོམ་ར་བསྐྱར་འཕར་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ས་ཁོངས་ཡོངས་སུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ནས། དགུན་དུས་ཀྱི་རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྤུས་ཚད་མཐོ་རུ་གཏོང་བའི་ཞབས་ཞུའི་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་གསོ་སྐྱོང་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་གྲོང་མིའི་འཛད་སྤྱོད་ཀྱི་འདོད་བློ་དང་ཡིད་ཆེས་ཆེ་རུ་བཏང་ནས་འཛད་སྤྱོད་ཀྱི་བག་ཤུགས་སྔར་ལས་ཆེ་བ་འདོན་སྤེལ་བྱེད་དགོས། ལོ་མཇུག་གི་གཙོ་གནད་བྱ་བ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་ཤུགས་བསྣན་ནས། ཞིང་ཕྱུགས་ལས་ཐོན་འཕར་དང་གྲོང་གསེབ་དར་སྤེལ་དམ་འཛིན་ཏན་ཏིག་བྱེད་པ་དང་། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་དང་དམངས་འཚོ་འགན་ལེན་ཡག་པོ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གྱི་བྱ་བ་དམ་འཛིན་ཏན་ཏིག་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱ་རྒྱུ་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་དོན་གཉེར་གཏིང་ཟབ་བྱས་ནས། ད་ལོའི་བྱ་བའི་མཇུག་ཡག་པོ་བསྡུ་བ་དང་སང་ལོའི་བྱ་བ་འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས།

ཚོགས་འདུ་ལས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས“བསམ་བཀོད་གཅིག”གི་བསམ་བློ་བརྟན་པོ་ཆགས་ཏེ། དངོས་སྒྲུབ་དང་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་པ་དང་། འཕར་སྣོན་བརྟན་པོ་ཡོང་བའི་འགོ་ཁྲིད་ཀྱི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་བརྟན་པོ་འཁུར་ནས།རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་། གནད་ལ་འཁེལ་བའི་བཀོད་གཏོང་། མཐིལ་བརྟོལ་རྣམ་པའི་ཞིབ་འཇུག་བརྡར་གཅོད་བཅས་ལ་ཤུགས་བསྣན་ནས། ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ་དང་ལེགས་ཆ་སྲ་བརྟན་དུ་གཏོང་བ། ཁྱོན་ཡོངས་བརྟན་པོ་ཡོང་བ་བཅས་བྱས་ནས། དཔལ་འབྱོར་བསྐྱར་འཕར་གྱི་འཕེལ་ཕྱོགས་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན།

ཚོགས་འདུ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཝུའུ་ལ་ཙི་པེ་ཁི·རེ་སུའུ་ལི་ཧན། ལིའུ་ཐའོ། ལིའུ་ཁྲའོ། ཁྲིན་ཅི་ཝེ་བཅས་ཚོགས་ར་གཙོ་བོའམ་ཡན་ལག་ཚོགས་རར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།