ད་ལོ་ནི་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་ལོ་རེད། ལོ་ངོ90ལྷག་གི་སྔོན་ལ། ཏང་གིས་དམར་དམག་གི་འགོ་ཁྲིད་དེ་རྒྱང་སྐྱོད་ཀྱི་ལམ་བུའི་ཁྲོད། དགའ་སྐྱོ་གཉིས་ལྡན་གྱི་དམག་འཁྲུག་གི་ལོ་རྒྱུས་སྙན་ངག་གསར་གཏོད་བྱས་པ་དང་། རླབས་ཆེན་སྙིང་སྟོབས་མཚོན་པའི་ལོ་རྒྱུས་སྙན་ངག་ཀྱང་བརྩམས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱང་སྐྱོད་ཅེས་པའི་མིའི་རིགས་ལོ་རྒྱུས་སྟེང་གི་རླབས་ཆེན་བྱ་སྤྱོད་དེས་ང་ཚོར་བསམ་པའི་རྒྱུ་ནོར་རྩ་ཆེན་བཞག་ཡོད། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་མི་དང་དམར་དམག་གི་དཔོན་དམག་ཚོས་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་བསྐྲུན་པའི་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རེད། དམག་འཁྲུག་མཇུག་བསྒྲིལ་མོད། འོན་ཀྱང་རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་དེ་དུས་དང་བར་སྟོང་བརྒལ་ཞིང་ལོ་རྒྱུས་ཡུན་རིང་ལྡན་པས། ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་མང་པོས་དུས་རབས་གསར་པར་འབད་བརྩོན་ལྷོད་མེད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་རྒྱུར་སྐུལ་ལྕག་བྱས་ཡོད་ལ། ལག་ལེན་དངོས་ལ་བརྟེན་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གི་རྒྱུགས་ལན་གསར་པ་འབྲི་བཞིན་ཡོད།
བགྲང་བྱ་དགུ་ཅུར་དཀའ་བ་ཁྱད་དུ་བསལ་ཞིང་། བགྲང་བྱ་དགུ་ཅུའི་རྒྱང་སྐྱོད་སྙིང་སྟོབས་མི་རབས་ནས་མི་རབས་ལ་རྒྱུན་འཛིན་བྱས།
ཅང་ཞིའི་རུའེ་ཅིན་ཧྲ་ཀྲོའུ་པ་གསར་བརྗེའི་གནས་རྙིང་གི་ཁྲོན་པ་ཞིག་གི་མདུན་དུ་ཡོད་པའི “ཆུ་འཐུང་དུས་ཁྲོན་པ་རྐོ་མཁན་བརྗེད་མི་རུང”ཞེས་བྲིས་ཡོད་པའི་རྡོ་རིང་དེ་ཡིས་གུང་ཁྲན་ཏང་མིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་མཚོན་པ་དང་། ཏང་དང་མི་དམངས་མང་ཚོགས་ཀྱི་ཉ་མོ་དང་ཆུ་ལྟ་བུའི་བརྩེ་དུང་ཟབ་མོར་བདེན་དཔང་བྱས་ཡོད། ཙུན་དབྱིའི་གྲོས་ཚོགས་ཚོགས་གནས་ཀྱི་ཚོགས་ཁང་ནང་དུ། མི་རྣམས་ཀྱིས་སྔར་བཞིན་ཤི་གསོན་ལ་ཐུག་པའི་གྲོས་སྡུར་དང་། གསར་བརྗེའི་སྔོན་བྱོན་པ་རྣམས་ཀྱིས་དཀའ་སྡུག་ཁྲོད་ཕུགས་བསམ་དང་དད་སེམས་བརྟན་སྲུང་བྱས་པ་མཚོན་ལ། རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཤིང་། དཀའ་སྡུག་སྒྲོལ་བར་བྱེད་པའི་ལྷག་བསམ་དང་འགན་ཁུར་ཚོར་ཐུབ། ཀན་སུའུ་ཧུའེ་ཉིང་གི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་འདུ་འཛོམས་བྱས་པའི་སྟེགས་མདུན་དང་དྲན་གསོ་ཁང་དུ། མི་རྣམས་གསར་བརྗེའི་རིག་དངོས་རེ་རེའི་མདུན་དུ་ལངས་ཏེ། ཀྲུང་གོའི་གུང་ཁྲན་ཏང་མིས་རྒྱལ་ཁབ་དང་མི་དམངས་སྐྱོབ་ཆེད་རང་སྲོག་བློས་གཏོང་བར་མི་སྐྲག་པ་དང་། སྤྱི་ཡོངས་བསམ་པ་དང་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་བསྐྱོད་པའི་རླབས་ཆེན་གྱི་ལོ་རྒྱུས་ལམ་བུ་ཚོར་ཐུབ།
རྒྱང་སྐྱོད་ནི་ཕུགས་བསམ་དང་དད་སེམས་ཀྱི་རླབས་ཆེན་རྒྱང་སྐྱོད་ཅིག་རེད། གནམ་ས་གཡོ་བའི་གསར་བརྗེའི་བྱ་སྤྱོད་རླབས་ཆེན་འདི་ནི་ཀྲུང་གོའི་གུང་ཁྲན་ཏང་དང་དམར་དམག་གིས་བརྩམས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་བརྗིད་ཉམས་ལྡན་པའི་མཛད་རྗེས་རྡོ་རིང་ཞིག་ཀྱང་ཡིན།
ལམ་ཐག་རིང་ཡང་ཐོག་མའི་བསམ་འདུན་མི་བརྗེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་མང་པོར་རྒྱང་སྐྱོད་ལམ་རྒྱུད་ཀྱི་གསར་བརྗེའི་ས་ཁུལ་དུ་བསྐྱོད། ཅང་ཞི་ཡུས་ཏུའུ་ནས་ཧུའུ་ནན་རུའུ་ཁྲེང་བར་དང་། ཀོང་ཞི་ཆོན་ཀྲོའུ་ནས་ཀུའེ་ཀྲོའུ་ཙུན་དབྱི་བར། ཉིང་ཞའི་ཅང་ཐའེ་པའོ་ནས་ཧྲའན་ཞི་ཡན་ཨན་བར་སོགས་སུ་ཕེབས་ནས་ས་གནས་རེ་རེར་གཟིགས་ཞིབ་གནང་བ་ནི་ཐོག་མའི་བསམ་འདུན་ལ་ཕྱིར་དྲན་ཟབ་མོ་བྱས་པ་ཞིག་ཡིན་ལ། བློ་བརྟན་འགྱུར་མེད་ངང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པའི་གསལ་བསྒྲགས་ནན་མོ་ཞིག་ཀྱང་ཡིན།
2016ལོའི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རླབས་ཆེ་བའི་རྒྱང་སྐྱོད་སྙིང་སྟོབས་ནི་རྒྱལ་ཡོངས་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ཐམས་ཅད་ལས་ལྷག་པར་བརྩི་བ་དང་། གསར་བརྗེའི་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། དྲང་བདེན་བྱ་གཞག་ལ་རྒྱལ་ཁ་འཐོབ་ངེས་པའི་སྙིང་སྟོབས་ལ་ཡིད་ཆེས་བརྟན་པོ་བྱེད་པ་ཡིན་ལ། རྒྱལ་ཁབ་དང་མི་དམངས་སྐྱོབ་ཆེད་དཀའ་ངལ་དང་ཉེན་ཁ་གང་ལའང་མི་སྐྲག་པར་ཡོད་ཚད་བློས་གཏོང་ཐུབ་པའི་སྙིང་སྟོབས་ཡིན་པར་མ་ཟད། རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ནས་ཡོད་ཚད་དོན་དངོས་ནས་འགོ་རྩོམ་ཐུབ་པའི་སྙིང་སྟོབས་ཡིན་ཞིང་། སྤྱི་ཡོངས་བསམ་པ་དང་སྒྲིག་ཁྲིམས་ནན་སྲུང་བྱེད་པ། མཐུན་སྒྲིལ་དམ་ཟབ་བཅས་བྱེད་པའི་སྙིང་སྟོབས་ཡིན་པ་དང་། མི་དམངས་མང་ཚོགས་ལ་བརྟེན་ནས་མི་དམངས་མང་ཚོགས་དང་ཤི་གསོན་མཉམ་གནས་དང་སྐྱིད་སྡུག་མཉམ་མྱོང་། དཀའ་སྤྱད་འབད་བརྩོན་བཅས་བྱེད་པའི་སྙིང་སྟོབས་ཡིན།
མི་རབས་རེ་རེར་མི་རབས་རེ་རེའི་རྒྱང་སྐྱོད་ཀྱི་ལམ་བུ་ཡོད་པ་དང་། མི་རབས་རེ་རེ་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུར་ཡག་པོར་བསྐྱོད་དགོས། འཐབ་ལམ་གསར་པའི་སྟེང་། རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་ལས་རིགས་སོ་སོས་དངོས་སྒྲུབ་ལག་བསྟར་བྱེད་པར་སྐུལ་མ་གཏོང་བའི་མདུན་སྐྱོད་ཀྱི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད། ད་ལོ་ནས་བཟུང་། ཀྲུང་གོ་གསར་པའི་རྒྱལ་ཁབ་རིམ་པས་གཅིག་གྱུར་འཆར་འགོད་ཀྱིས་འཛུགས་སྐྲུན་བྱས་པའི་གཙང་པོ་དང་རྒྱ་མཚོའི་མིས་བཟོས་གཙང་པོའི་བཟོ་སྐྲུན་ཐོག་མ་སྟེ། ཕིན་ལུའུ་མིས་བཟོས་གཙང་པོ་དངོས་སུ་བསྐྲུན་ནས་འགྲུལ་ལམ་ཤར་གཏོང་བྱས། འཛམ་གླིང་སྟེང་ཆེས་ཆེ་བའི་མཚོ་སྟེང་བརྗེ་རྒྱུག་ས་ཚིགས“མཚོ་རླུང་གི་སེམས”ཞེས་པ་མཚོ་ཐོག་སྒྲིག་སྦྱོར་ལེགས་གྲུབ་བྱུང་བ་དང་། ལོ་རེར་གློག་འདོན་ཚད་ཆུ་ཚོད་རེར་ཏུའུ་ཐེར་ཆེན་གཅིག་ལ་ཉེ་བ་ཟིན་པའི་ཐེན་ཝན་ཉིང་རྡུལ་གློག་འདོན་འཕྲུལ་ཚན7པས་དྲ་སྦྲེལ་གློག་འདོན་ཐེངས་དང་པོ་བྱས། ད་ལོའི་ཟླ6པར། རང་རྒྱལ་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་རྒྱལ་ཁབ་ཀྱི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་ཐོག་མ་སྟེ། འབྲི་ཆུའི་འགག་གསུམ་གྱི་ཆུ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་གསར་པ་ལས་འགོ་ཚུགས། བཟོ་སྐྲུན་དེ་ལོ་བཅུ་ལྷག་ཙམ་རིང་རིགས་པས་སྒྲུབ་པ་དང་ཇུས་འགོད་བྱས་ལ། ལོ་བཅུ་ཕྲག་ཁ་ཤས་རིང་ལག་རྩལ་གསོག་འཇོག་བྱས་པ་བརྒྱུད། ཨར་ལས་དུས་ཡུན་ཟླ100ལྷག་ཡིན། མིག་སྔར་བཟོ་སྐྲུན་དེ་ཕྱོགས་ཡོངས་ནས་གཙོ་གཟུགས་འཛུགས་སྐྲུན་གྱི་དུས་མཚམས་སུ་སླེབས་པ་དང་། འཛུགས་སྐྲུན་པ་ཚོས་རྔུལ་ཆུ་དང་བློ་གྲོས་ལ་བརྟེན་ནས་དུས་རབས་ཀྱི་བཟོ་སྐྲུན་དེ་བསྐྲུན་བཞིན་ཡོད།
རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མི་མེད་ཁུལ་དུ་དཔའ་ངར་ཆེན་པོས་བསྐྱོད་དགོས། ཚན་ཞིབ་ཁྲོད་ཀྱི“གངས་རི་དང་སྤང་ལྗོངས”ཀྱི་མདུན་དུ། ཚན་རྩལ་ལས་དོན་པ་ཚོས་ནུས་ཤུགས་ཡོད་རྒུས་འགག་རྩའི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་སྒྲོལ། རྒྱང་སྐྱོད་དང་པོ་ནས“གོང་དུ་སྤེལ་ཐུབ་པ”མངོན་འགྱུར་བྱུང་བ་ནས་ད་ལྟའི་བར་རྒྱང་སྐྱོད་མེ་ཤུགས་འཕུར་མདའ་རབས་གསར་པ“ཕྱིར་ལོག་ཐུབ་པ”མངོན་འགྱུར་བྱུང་བ་དང་། མི་རབས་རེ་རེས་མཁའ་སྐྱོད་པས་སྔོན་རབས་པས་བརྒྱུད་མ་མྱོང་བའི་ལག་རྩལ་གྱི་ཐབས་ལམ་ལ་རྒྱུན་ཆད་མེད་པར་འགྲན་སློང་བྱས། མིག་སྔར། རང་རྒྱལ་གྱི་ལྷོ་རྒྱ་མཚོའི་གཏིང་ཚད་སྨི3500ཙམ་ཡོད་པའི་རྒྱ་མཚོའི་གཏིང་དུ། རྒྱལ་ནང་གི་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་མང་པོས་མཉམ་འབྲེལ་སྒོས་འགག་སྒྲོལ་ཚོགས་པ་བཙུགས་ཏེ། རང་རྒྱལ་གྱི་རྒྱ་མཚོའི་གཏིང་ནས་ཚད་འབྲིང་རྒྱང་ཤེལ་ཆེ་གྲས་ཐོག་མར་མཚོ་ཐོག་ཚོད་ལྟ་བྱས། རྨང་གཞིའི་ཁྱབ་ཁོངས་འདིའི་ཞིབ་འཇུག་ནི་འཇིག་རྟེན་ཁམས་ལ་མཚོ་གཏིང་དུ་སྦས་ཡོད་པའི“མིག”ཅིག་བཞག་ནས། འཇིག་རྟེན་འཕྲོ་ཐིག་གི་འབྱུང་ཁུངས་སོགས་མདུན་གྲལ་གྱི་དངོས་ལུགས་གནད་དོན་འཚོལ་ཞིབ་བྱས་པ་དང་མཚུངས།
མི་དམངས་ལ་བརྟེན་པ་དང་མི་དམངས་ཀྱི་ཆེད་དུ་ཡིན་པ་ནི་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཡུན་རིང་སྲ་ཞིང་བརྟན་པའི་རྩ་བའི་གཏིང་ཤུགས་ཤིག་རེད།
དུས་རབས་གསར་པ་ནས་བཟུང་། རང་རྒྱལ་གྱིས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་བའི་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་པས། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་དབུལ་ཕོངས་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱུང་ཡོད། འདི་ནི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་ལག་ལེན་བསྟར་བའི་ཆེས་གསོན་ཉམས་ལྡན་པའི་རྒྱུགས་ལན་ཞིག་རེད། “བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན”མངོན་འགྱུར་བྱེད་པའི་འཐབ་ལམ་གསར་པའི་སྟེང་། གཞོན་ནུ་བགྲང་ལས་འདས་པ་ཞིག་གིས་འགོ་རྩོམ་ས་གསར་པའི་སྟེང་གྲོང་གསེབ་དར་སྤེལ་གྱི་ལམ་བུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། ཧོང་ཝུན་ཞིའུ་ཡིས་འཐབ་འཛིང་བྱེད་མྱོང་བའི་ཀོང་ཞིའི་པའེ་སེ་པའེ་ནེ་སྡེ་བར90ལོའི་རྗེས་ཀྱི་གཞོན་ནུ་ཁྲེན་ཧུང་རེན་གྱིས་སློབ་གྲྭ་ཆེན་མོ་མཐར་ཕྱིན་རྗེས་ཧོང་ཝུན་ཞིའུ་ཡི་འགན་ཁུར་མུ་མཐུད་ཕྲག་ཏུ་བླངས་ནས་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་བཞེས་པ་དང་། གཞོན་ནུ་སྐོར་དང་སྐོར་ཞིག་གིས་གཅིག་རྗེས་གཉིས་མཐུད་ཀྱི་སྐུལ་ཁྲིད་འོག པའེ་ནེ་སྡེ་བར་སྣུམ་ཇ་དང་། བྱེ་མངར་ཚ་ལུ་མ། ཟུར་བརྒྱད། སྒྲོན་ཤིང་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་བ་དང་། སྤྱི་ལེ22ཀྱི་ཐོན་ལས་ལམ་ཐིག་ཧྲིལ་པོ་ཡོངས་སུ་ཤར་གཏོང་བྱས་ལ། འབྱོར་འབྲིང་རྗེས་ཀྱི་རི་གྲོང་ཆུང་ཆུང་ཡང་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་བསྐྱོད།
ཕུགས་བསམ་དང་དད་སེམས་ཀྱི་འོད་ཟེར་ལམ་ཐག་རིང་པོར་འཕྲོ་བ་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས་གཅིག་རྒྱུད་གཅིག་འཛིན་ཐུབ་ངེས་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་སྟེང་། ཀྲུང་ཧྭའི་བུ་ཕྲུག་ཐེར་འབུམ་གཅིག་དུང་ཕྱུར་བཞི་ལྷག་གིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་དངོས་སྒྲུབ་ལག་བསྟར་གྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་སུ་བསྒྱུར་བ་དང་། མི་སྒེར་གྱི་འབད་འཐབ་དེ་དུས་རབས་ཀྱི་རླབས་རྒྱུན་ནང་འདྲེས་པར་བྱས་ཏེ། ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་པ་དང་འོད་སྟོང་གསར་པ་གཏོད་བཞིན་ཡོད།