“མཐོ་སྒང་གི་མཛེས་པའི་གྲོང་གསེབ”ཀྱི“གནས་གཅིག་གི་མཛེས་པ་ནས”“འཆམ་མཛེས་གྲོང་གསེབ”ཀྱི“ཡུག་གཅིག་གི་འཕེལ་རྒྱས”ཏེ། མཚོ་སྔོན་གྱིས་ཀྲེ་ཅང་གི“བཟོ་སྐྲུན་ཁྲི་སྟོང”གི་ཉམས་མྱོང་དེ། གཅིག་རྗེས་གཉིས་མཐུད་ཀྱིས་མཐོ་སྒང་གི་སྒོ་ར་རེ་རེའི་ནང་དུ་དོན་འཁྱོལ་བྱས། ལམ་སྒྲོན་གྱིས་མཚན་མོའི་མུན་ནག་གསལ་བར་བྱས་པ་དང་། གྱང་རགས་ཀྱིས་རི་ལྡེབས་སྐྱོར་པ། སྔར་ལས་མང་བའི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་གིས་ཡུལ་སྐོར་གྱི་འགྲུལ་བ་སྣེ་ལེན་བྱས་པ་སོགས་ཀྱི་འགྱུར་ལྡོག་རེ་རེར་བདེན་དཔང་བྱེད་བཞིན་ཡོད། གྲོང་གསེབ་དར་སྤེལ་གཏོང་བ་ནི་ཞིང་སྡེ་གྲོང་ཁྱེར་དུ་བསྒྱུར་བ་མ་ཡིན་པར། དེ་ནི་རི་ཆུ་སྲུང་མཁན་ཡོད་པ་དང་། གྲོང་ཚོར་གཞི་མདངས་ལྡན་པ། མང་ཚོགས་ལ་རེ་ལྟོས་ཡོད་པ་སོགས་ཡིན།
སྟོན་ཀའི་མདོ་ལ་རིང་མོའི་ལྷོ་རྒྱུད་བྱང་ལུང་རི་བོའི་ནགས་ཚལ་ཡོངས་སུ་ཁ་དོག་སྣ་ལྔས་རྣམ་པར་བརྒྱན་འདུག ལུང་གཞུང་བརྒྱུད་ནས་རི་ཁུལ་དུ་སྐྱོད་སྐབས། སྣུམ་ལམ་རིང་མོ་གྲོང་ཚོའི་ཕྱོགས་སུ་འཐེན་ཡོད་ལ། ལམ་སྒྲོན་རེ་རེ་ཞིང་ཁྱིམ་སྤྲོ་སྐྱིད་གླིང་གི་སྒོ་རའི་མདུན་དུ་ཀྲོང་ངེར་གནས་ཡོད།
ཧུའུ་ཀྲོའུ་རྫོང་རྒྱ་ཏིག་གྲོང་རྡལ་གྱི་གླང་ཐུབ་སྡེ་བར། ཧྥན་ཝུན་པིན་གྱིས་བྱང་ལུང་རི་འདབས་ཀྱི་ནགས་ཚལ་གྱི་ཆུ་ཕྲན་འདི་སྲུང་བཞིན་ཡོད་ལ། ལོ་ཉི་ཤུ་ལྷག་གི་རིང་ལ་ནགས་ཚལ་གཞིས་ཀར་བདག་སྐྱོང་བྱས་མྱོང་། ཁོས་ད་དུང་ཡང་བརྗེད་དུ་མེད་པ་ཞིག་ནི་ལོ་ཉི་ཤུའི་སྔོན་ལ་སྒོ་འགྲམ་ནི་འདམ་ལམ་ཡིན་པ་དང་། མཚན་མོར་ནག་ཐིང་ཐིང་ཡིན། ད་སྐབས་ལམ་སྲ་བརྟན་ཡིན་པར་མ་ཟད་སྲང་ལམ་ཡང་གསལ་བར་བྱས་ལ། ཡུལ་ལྗོངས་ཀྱིས་མགྲོན་པོའི་ཡིད་དབང་བཀུག་པ་དང་། མི་རྣམས་ཀྱི་འཚོ་བ་ཡང་བདེ་སྐྱིད་ལྡན་པར་གྱུར།
མཐོ་སྒང་གི་གྲོང་གསེབ་ཀྱི་ལམ་ནི་བགྲོད་ལམ་ཁོ་ན་ཞིག་ཡེ་ནས་མིན། དེ་ནི་མྱུར་སྐྱོབ་རླངས་འཁོར་སྡེ་བར་ཡོང་ས་དང་། རི་ཁུལ་གྱི་དངོས་རྫས་ཕྱི་ལ་འཁྱེར་སའི་བགྲོད་ལམ་ཞིག་ཡིན་པར་མ་ཟད། དེ་ནི་གྲོང་ཁྱེར་གྱི་མི་རྣམས་ཞག་གཅིག་ལ་འདུག་འདོད་ཡོད་པའི་རྒྱུ་མཚན་ཡང་ཡིན། ད་ལོའི་ཟླ9པར་གཞུང་ལམ་གསར་པ་ཤར་གཏོང་བྱས་པ་དང་བསྟུན་ནས། སྡེ་མི་ལིན་ཝུན་ལུའུ་ཡིས་ཟླ10པར་ཞིང་ཁྱིམ་སྤྲོ་སྐྱིད་གླིང་བཙུགས་པ་དང་རྒྱལ་སྟོན་གུང་གསེང་གི་ཉིན་བདུན་ལ་ཡོང་འབབ་སྒོར་ཁྲི་ལས་བརྒལ།
མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲོའུ་རྫོང་རྒྱ་ཏིག་གྲོང་རྡལ་ཆའོ་ཐོའུ་སྡེ་བའི་སྡེ་མི། ལིན་ཝུན་ལུའུ་ཡིས་བཤད་རྒྱུར། སྔོན་ཆད་འཚོ་སྡོད་བྱེད་སའི་ཁོར་ཡུག་ཧ་ཅང་ཞན་པས། གནས་འདིར་སླེབས་མཁན་ཡང་ཉུང་ཉུང་རེད། ད་ལོར་སྡེ་བས་སྤྲད་པའི་ལས་གཞི་འདི་དག་ཧ་ཅང་བཟང་གི བགྲོད་ལམ་སྲ་བརྟན་ཡིན་པར་མ་ཟད། ལམ་སྒྲོན་ཡང་བཀར་བྱུང་།
བགྲོད་ལམ་ལས་ཀྱང་དཀའ་ངལ་ཆེ་ས་ཞིག་ཡོད་པ་ནི་ལམ་ལ་སྲུང་སྐྱོབ་བྱ་རྒྱུ་དེ་རེད། རི་ལྡེབས་ཀྱི་ས་འགོག་གྱང་རགས་བཟོ་སྐྲུན་མཇུག་སྒྲིལ་ལ་ཉེ། རྡོ་རྩིགས་གྲལ་འགྲིག་ལ་བར་མཚམས་ཡོངས་སུ་བྱེ་འདམ་གྱིས་ཁེངས། གྱང་རྩ་རུ་སྡེ་བའི་བགྲོད་ལམ་ཡོད་ལ། གྱང་རྒྱབ་ཏུ་ར་བསྐོར་ཡོད། ས་འགོག་གྱང་རགས་བརྟན་པོ་ཡོད་པས་ཆུ་བྲུག་དུས་ཀྱང་གནས་བཟོད་བདེ་བོ་ཡོད། ཡུལ་སྐོར་བ་འཚམས་འདྲིར་ཡོང་སྐབས། བགྲོད་ལམ་ཆུ་ལོག་གིས་འཁུར་འགྲོ་བར་སྐྲག་མི་དགོས་ལ། སྡེ་མི་ཁྱིམ་དུ་སྡོད་སྐབས་ཀྱང་རི་ཉིལ་བའི་མངོན་མེད་རྐྱེན་ངན་ལ་སྐྲག་མི་དགོས།
གྱང་རགས་རྩིགས་སླ་ལ་རི་ལྡེབས་སྲུང་དཀའ་བ་དང་། བགྲོད་ལམ་བསྐྲུན་སླ་ལ་བགྲོད་ལམ་སྲུང་དཀའ་བ་ཡིན། མཚོ་སྔོན་གྱི“བཟོ་སྐྲུན་ཁྲི་སྟོང”ལ་སྐྱེ་ཁམས་ཀྱི་ཚོད་འཛིན་ཐེབས་ན་ཡང་ཡུལ་བབ་དང་བསྟུན་ནས་ལེགས་གྲུབ་བྱུང་ཡོད། ཧུའུ་ཀྲོའུ་་རྫོང་གི་བྱེད་ཐབས་ནི་ལྗོངས་ཁུལ་ལ་བརྟེན་པའི་གྲོང་སྡེ་ལ་ཞིག་གསོ་དང་བསྐྱར་སྐྲུན་ཅི་ཡང་མི་བྱེད་པར། གྲོང་སྐོར་སྒོ་ར་དེ་དམངས་ཤག་ཏུ་བསྒྱུར་བ་དང་། ཧོར་རིགས་ཀྱི་ཟས་དེ་ཁམས་གསོ་ཡི་ཟས་སུ་བསྒྱུར། ནགས་ཚལ་ལ་བརྟེན་པའི་གྲོང་སྡེ་ཡིས་ཤིང་སྡོང་མི་གཅོད་པར། གསོམ་སྡོང་དང་སྟག་དཀར་ཆུ་ཕྲན་བཅས་ནི“རང་བྱུང་གསོ་རླུང”ཡིན། རིག་གནས་ལ་བརྟེན་པའི་གྲོང་སྡེ་ཡིས་འཚེམ་དྲུབ་དང་། ཆང་བསྙལ་བ། གཉེན་སྒྲིག་གོམས་སྲོལ་སོགས་ཉམས་ལེན་བྱས་ཆོག་པའི་ཐོན་ཁུངས་གལ་ཆེན་ཞིག་ཏུ་བསྒྱུར། ལས་གཞི་ལ་བརྟེན་པའི་གྲོང་སྡེ་ཡིས་སྔོན་ལ་གྱང་རགས་རྩིག་པ་དང་། ཆུ་འབུད་ཡུར་བ་བརྐོ་བ། བཙོག་ཆུའི་སྦུ་གུ་བཟོ་བ་བཅས་བྱས་ཏེ“ཡོང་འབབ”ལ་བསྒྱུར།
བཅར་འདྲི་བྱེད་སྐབས་ང་ཚོས་ཤེས་གསལ་ལྟར་ན། ལོ་འགའི་སྔོན་དུ་མཚོ་སྔོན་གྱི“མཐོ་སྒང་གི་མཛེས་པའི་གྲོང་གསེབ”ཀྱིས་སྔོན་ལ་ཞན་ཆར་ཁ་གསབ་དང་ཁོར་ཡུག་ལེགས་བཅོས་བྱས་ཏེ། གྲོང་སྡེ་སྔར་ལས་མཛེས་སྡུག་ལྡནཔར་བྱས། ད་སྐབས“བཟོ་སྐྲུན་ཁྲི་སྟོང”གི་ཉམས་མྱོང་བེད་སྤྱད་དེ། མཚོ་སྔོན་གྱིས“མཐོ་སྒང་གནས་སྡོད་དང་ལས་སྒྲུབ་ལ་འཚམ་པའི་འཆམ་མཛེས་གྲོང་གསེབ”ལ་སྐུལ་འདེད་བཏང་སྟེ། ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། གནད་ཚིག་ཀྱང“མཛེས་སྡུག”ནས“འཆམ་མཛེས”ལ་རིམ་སྤོར་བྱས། “མཛེས”ནི་དབྱིབས་གཟུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན་ལ། “འཚམ”ནི་ཐོན་ལས་དར་རྒྱས་གཏོང་བ་དང་། “འཆམ”ནི་གཞི་རིམ་བཅོས་སྐྱོང་དང་ཡུལ་སྲོལ་ཚུལ་མཐུན་བྱ་རྒྱུ་དེ་ཡིན།
གཞི་གྲངས་ལས་མངོན་པ་ལྟར་ན། 2025ལོར་ཧུའུ་ཀྲོའུ་རྫོང་གིས་སྡེ་བ14རུ་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲོང་སྡེའི་གཞུང་ལམ་ཞིག་གསོ་དང་། ལམ་སྒྲོན་འཛུགས་པ། ཆུ་འབུད་སྐྲུན་པ། གད་སྙིགས་སྒྲིག་བཀོ་བསྐྲུན་པ། ས་གཤིས་གནོད་འཚེ་འགོག་པའི་གྱང་རགས་སོགས་བསྐྲུན། སྒོར་མོ་གང་ལ་བཀོལ་ཟིན་ནམ། “ཕྱིར་སྐྱོད་ཀྱི་གོམ་པ་དང་པོ་དང་། ཁྱིམ་ལ་ལོག་པའི་གོམ་པ་མཐའ་མའི”ཕྱོགས་སུ་བཀོལ་ཏེ་མང་ཚོགས་ཀྱི་སྒོ་ཁའི་དོན་དངོས་ལེགས་པར་སྒྲུབ།
ལམ་གཅིག་ཤར་གཏོང་བྱས་པ་དེ་ནི་རླངས་འཁོར་ཁོ་ན་བགྲོད་པ་ཙམ་མིན་ལ། གློག་སྒྲོན་གཅིག་བཀར་བ་ནི་མཚན་མོའི་མུན་པ་གསལ་བ་ཙམ་ག་ལ་ཡིན། ད་ལོར། ཞིང་ཆེན་ཡོངས་ཀྱིས་མུ་མཐུད་དུ་འཆམ་མཛེས་གྲོང་གསེབ150འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ཏེ། འཚོ་གནས་ཁོར་ཡུག་ནས་འགོ་བརྩམས་ནས་གནས་དང་སྤྱི་ཡོངས། རིགས་དབྱེ་ཇུས་འདོན། རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་པ་དང་། ཞིང་པ་གཞི་རྩར་འཛིན་པའི་གནས་བབ་རྒྱུན་འཁྱོངས་བྱས་ཏེ་འཆམ་མཛེས་གྲོང་གསེབ་ཀྱི་གསོན་ཉམས་ལྡན་པའི་རི་མོ་རེ་རེ་མཐོ་སྒང་གི་ས་གཞི་ཆེན་མོར་ཡུན་གྱིས་བཞེངས།