མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པའི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་མི་སྣ་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཚན་སློབ་མཉམ་སྡེབ་ཀྱིས་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རྣམ་པ་གསར་པའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པ་གཞི་གཅིག་ཏུ་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གསོག་འཇོག་དང་རྨང་གཞི་བརྟན་པོ་འདིང་དགོས་ཟེར།
ལུའོ་ཏུང་ཁྲོན་ཞིང་ཆེན་གནམ་གཤིས་ཅུས་མདོ་དབུས་མཐོ་སྒང་སའི་གོ་ལའི་མ་ལག་གི་གཞི་གྲངས་ལྟེ་གནས་སུ་ཡོང་ནས། ལྟེ་གནས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་གནོད་འགོག་གནོད་སེལ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ས་ཁོངས་མཉམ་སྡེབ་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། མཚོ་སྔོན་གྱི་གནམ་གཤིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཚན་རིག་ཞིབ་འཇུག་རྒྱུན་མཐུད་སྒོས་སྤེལ་བ་དང་། མིས་བཟོས་རིག་སྟོབས་ཀྱི་དཔེ་དབྱིབས་ཆེན་པོར་ནུས་པ་སྦྱིན་ཤུགས་ཆེ་རུ་གཏོང་བ། སྡེ་ཁག་ལས་བརྒལ་བའི་གཞི་གྲངས་མཉམ་སྤྱོད་གཏིང་ཟབ་ཏུ་གཏོང་བ། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོ་དང་གནོད་འགོག་གནོད་སེལ། སྐྱེ་ཁམས་བདེ་འཇགས། གནམ་གཤིས་འགྱུར་ལྡོག ཕྱོགས་བསྡུས་འགྲིམ་འགྲུལ། ཞིང་ལས་ཐོན་སྐྱེད་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་བཀོལ་སྤྱོད་རྣམ་པ་མཉམ་འདྲེས་གཏིང་ཟབ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་རིན་ཐང་ཕན་ནུས་ལྡན་པའི་སྒོ་ནས་ཕྱིར་གཏོང་བྱེད་པ། གནམ་གཤིས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གནམ་གཤིས་ཀྱི་འདེགས་སྐྱོར་ནུས་པ་མུ་མཐུད་དུ་འདོན་སྤྲོད་བྱེད་དགོས་ཟེར།
མཚོ་སྔོན་སློབ་ཆེན་གྱིས་དོ་དམ་བྱེད་པའི་རྒྱལ་ཁབ་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་བསྐྱར་གསོའི་མཛོད་ཁང་དུ། ལུའོ་ཏུང་ཁྲོན་གྱིས་སོན་རྒྱུའི་ཐོན་ཁུངས་ཉར་ཚགས་བྱས་ཚུལ་ཉན་པ་དང་། ཞོག་ཁོག་དང་ལི་གྲོ་སོགས་ལོ་ཏོག་གི་སོན་རྒྱུ་སྲུང་སྐྱོབ་བེད་སྤྱོད་དང་། མཐོ་སྒང་གི་སོན་གསོ། གྲུབ་འབྲས་ཚུལ་སྒྱུར་བཅས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ཞིབ་འཇུག་པ་དང་བརྗེ་རེས་གཏིང་ཟབ་བྱས་ཏེ། ཚང་མར་སོན་རྒྱུའི་ཐོན་ཁུངས་ཀྱི་འཐབ་ཇུས་གྲབས་ཉར་དང་རང་བརྟེན་སོན་རིགས་འདེམས་གསོ་ཡག་པོ་བྱས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པར་སྐུལ་འདེད་གཏོང་བ་དང་། མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རིན་ཐང་འཕར་བའི་བར་སྟོང་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས། དེ་རྗེས་ལུའོ་ཏུང་ཁྲོན་མཚོ་སྔོན་སློབ་ཆེན་གྱི་ཞིང་ཆེན་དང་པུའུ་ཡི་མཉམ་སྐྲུན་གྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་མཐོ་སྒང་གི་ཞིང་ཕྱུགས་ལས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དུ་ཕེབས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ཆུ་ཁུངས་གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་བའི་ཞིབ་འཇུག ཞིང་ཕྱུགས་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་གསར་གཏོད་བེད་སྤྱོད་བྱས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཚན་རྩལ་གསར་གཏོད་དང་གྲུབ་འབྲས་ཚུལ་སྒྱུར་ལ་ཤུགས་བསྣན་ནས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་རིག་ནུས་འཁོར་སྐྱོད་ཞབས་ཞུའི་ལྟེ་གནས་སུ། ལུའོ་ཏུང་ཁྲོན་གྱིས་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད། ཚན་ཞིབ་གསར་གཏོད་སོགས་ཀྱི་བྱ་བའི་སྙན་ཞུར་ཉན་རྗེས་བསྟན་དོན། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་འཐབ་ཇུས་ཀྱི་དགོས་མཁོར་དམ་པོར་དམིགས་ཏེ། རིག་ཚན་ཆེད་ལས་ཀྱི་བཀོད་པ་གཅིག་གྱུར་འཆར་འགོད་དང་ཇེ་ལེགས་སུ་གཏོང་བ་དང་། གཙོ་གནད་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་པ། སློབ་གྲྭ་དང་ས་གནས།སློབ་གྲྭ་དང་ཁེ་ལས་མཉམ་སྒྲུབ་མཉམ་འགུལ་གཏིང་ཟབ་ཏུ་བཏང་ནས། སློབ་སྒྲུབ་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། མཐོ་སྒང་དུ་གཞི་ཚུགས་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གསར་པ་སྔར་ལས་མང་བ་གསོ་སྐྱོང་ཧུར་ཐག་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་བྱས་རྗེས་འཇོག་དགོས།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། སློབ་གསོ་དང་ཚན་རྩལ། ཤེས་ལྡན་པ་བཅས་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པས། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་མཉམ་སྒྲུབ་བཀོད་སྒྲིག་བྱས་ཏེ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་དང་རང་འགུལ་གྱིས་བསྟུན་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་གལ་ཆེན་ལ་དམིགས་པ་དང་། མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ལྷན་ནུས་དང་ཐོན་ཁུངས་ཀྱི་དགེ་མཚན་དང་ཟུང་འབྲེལ་བཅས་བྱས་ཏེ། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པའི་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་སོགས་ཞིང་ཆེན་ནང་ཁུལ་གྱི་གསར་གཏོད་ལས་སྟེགས་གལ་ཆེན་སྟོབས་ལྡན་སྒོས་འཛུགས་པ་དང་བེད་སྤྱོད་ཡག་པོ་བྱེད་པ། ཁེ་ལས་ཐོན་སློབ་ཞིབ་སྤྱོད་བཅས་ཀྱི་མུ་ཕྲེང་ཡོངས་སུ་ཟབ་ཞུགས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཚན་རྩལ་གྲུབ་འབྲས་གལ་ཆེན་ཐད་འགག་སྒྲོལ་ཡོང་བར་བརྩོན་ལེན་བྱ་དགོས། སློབ་གྲྭ་དང་ཁེ་ལས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིབ་འཇུག་གྲུབ་འབྲས་སློབ་ཁྲིད་ཐོན་ཁུངས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ། སློབ་ཁང་དུ་ཐོན་སྐྱེད་སྒྲུབ་རིམ་སྦྲེལ་མཐུད་དང་ཤེས་ལྡན་པ་ཐོན་ལས་མུ་ཕྲེང་ལ་སྦྲེལ་མཐུད་བྱེད་དུ་འཇུག་པ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩེ་གཅིག་ཏུ་དམིགས་ནས་ཤེས་ལྡན་པ་རྩེ་གྲ་སྔར་ལས་མང་པོ་གསོ་སྐྱོང་བྱ་དགོས། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་གཞི་གཅིག་ཏུ་འགྱུར་བའི་བཅོས་སྒྱུར་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། ཁ་གཏད་རོགས་སྐྱོར་དང་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་རྐྱེན་སྲོལ་བེད་སྤྱོད་ཡག་པོ་བྱེད་པ། ཐོན་ཁུངས་འབྲེལ་མཐུད་བཀོད་སྒྲིག་དང་རྒྱུ་རྐྱེན་གཙོ་བོ་ཕན་ནུས་ཆེ་བའི་གཅིག་བསྡུས་ཡོང་བར་སྐུལ་འདེད་གཏོང་བ། ཚན་རིག་དང་མཐུན་པའི་གདེང་འཇོག་མ་ལག་དང་སྐུལ་སློང་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། གསར་གཏོད་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས་ཟེར།
ཝང་ཏ་ནན་རྟོག་ཞིབ་ལ་ཞུགས།