ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པར། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར37.1སྐྱེལ་བ་དེ་དུས་མཉམ་ལས4.8%འཕར་ནས། ལོ་རྒྱུས་ཀྱི་དུས་མཉམ་གྱི་ཟིན་ཐོ་གསར་པ་བཏོད་ཡོད།
དུས་ཚིགས་སྔོན་མ་གསུམ་རིང་། པེ་ཅིང་དང་ཤང་ཀང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཞུང་ཨན་ནས་ཧྲང་ཆིའུ་བར་མཚམས་དང་། ནུབ་ཡུས་མྱུར་བགྲོད་ལྕགས་ལམ་གྱི་ཞི་ཨན་ནས་ཨན་ཁང་བར་མཚམས། དབྱི་ཁྲང་ནས་ཞིན་ཧྲན་བར་གྱི་མྱུར་བགྲོད་ལྕགས་ལམ། ཧའར་པིན་ནས་དབྱི་ཁྲུན་བར་གྱི་མྱུར་བགྲོད་ལྕགས་ལམ་སོགས་ལམ་ཐིག་གསར་པ་འཁོར་སྐྱོད་བྱེད་མགོ་བརྩམས། རྒྱལ་ཁབ་ལྕགས་ལམ་ཚོགས་པས་སྐྱེལ་འདྲེན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ། ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར11511བཀོད་སྒྲིག་བྱས་པ་དེ་དུས་མཉམ་ལས5.3%འཕར་ཡོད།
ལྕགས་ལམ་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་རྒྱུན་མཐུད་ངང་ཞབས་ཞུ་དང་འཛད་སྤྱོད་ལ་ནུས་པ་བསྩལ། དུས་ཚིགས་སྔོན་མ་གསུམ་རིང་། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་རིམ་རྩིས་བྱས་ན་ཡུལ་སྐོར་མེ་འཁོར2860བཏང་བ་དེ་དུས་མཉམ་ལས25.5%འཕར་ནས། ཡུལ་སྐོར་ལྟ་སྐོར་དང་། སྐྱེ་ཁམས་བདེ་ཐང་ཁམས་གསོ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སོགས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།
རྒྱལ་མཚམས་ལས་བརྒལ་བའི་འགྲུལ་སྐྱེལ་རྩ་འཛུགས་ལ་ཤུགས་བསྣན་པ། དུས་ཚིགས་སྔོན་མ་གསུམ་རིང་ཀོང་ཀོང-ཧྲེན་ཀྲེན-ཞང་ཀང་མྱུར་བགྲོད་ལྕགས་ལམ་དང་། ཀྲུང་ལའོ་ལྕགས་ལམ་གྱིས་ས་མཚམས་སྒྲོལ་བའི་འགྲུལ་པ་སོ་སོར་མི་ཐེངས་ཁྲི2584.5དང་མི་ཐེངས་ཁྲི26.5སྐྱེལ་འདྲེན་བྱས་པ་དེ་དུས་མཉམ་ལས11.8%དང37.8%སོ་སོར་འཕར་ཡོད། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་ཕྱི་རྒྱལ་གྱི་འགྲུལ་པ་མི་ཐེངས་ཁྲི1900.2སྐྱེལ་འདྲེན་བྱས་པ་དེ་དུས་མཉམ་ལས33.4%འཕར་ཡོད།
ལྕགས་ལམ12306གི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་། ཟླ9པའི་ཟླ་མཇུག་བར་ཡུལ་སྐོར་གྱི་ཐེངས་རྩིས་སྤ་སེ་ལམ་ཐིག28ལ་ཁྱབ་པ་དང་། ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་དང་། ཧའེ་ནན་གླིང་ཕྲན་བསྐོར་བའི་མྱུར་བགྲོད་ལྕགས་ལམ་གྱིས“རྐང་འཁོར་དང་ལྷན་དུ་བསྐྱོད་པའི”ཞབས་ཞུ་བཏོན། དྲ་བའི་ཐོག་ཟ་མ་མངག་ཉོ་བྱེད་ཆོག་པའི་རླངས་འཁོར་འབབ་ཚུགས98བར་མང་དུ་ཕྱིན་ཡོད། །