ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2026ལོའི"2026ལོའི"གཅིག་མཐུན་ཚོགས་པ་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི"བརྗོད་དོན་དྲིལ་བསྒྲགས་བྱེད་སྒོའི་ཡུན་ནན་གྱི་གཅིག་བསྡུས་བཅར་འདྲི་ཟླ10པའི་ཚེས17ཉིན་ཁུན་མིང་དུ་སྤེལ་མགོ་བརྩམས།
ཐེངས་འདིའི་བྱེད་སྒོ་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ལྟེ་བར་བཟུང་ནས། ཡུན་ནན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སློབ་སྦྱོང་ལག་བསྟར་བྱེད་པ་དང་། བསམ་བློའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ། འགྲོ་འོང་སྤེལ་རེས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ། དར་རྒྱས་གོང་འཕེལ་ཡོང་བ་བཅས་ཀྱི་ལག་ལེན་གསོན་ཉམས་ལྡན་པ་རྣམས་གཏིང་ཟབ་ངང་དྲིལ་བསྒྲགས་བྱ་རྒྱུ་རེད། བཅར་འདྲིའི་ཚོགས་པས་སྡེ་ཁུལ་གྲོང་ཚོ་དང་། ཞིང་ཁ་རྩྭ་ཐང་། མི་རིགས་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་བསྐྱོད་དེ། མི་རིགས་སོ་སོས་ཕན་ཚུན་ལྟ་རྟོག་རོགས་རེས་བྱས་ནས་འཆམ་མཐུན་མཉམ་གནས་བྱུང་བའི་གཏམ་རྒྱུད་ངོ་མཚར་ཅན་ཟིན་ཐོར་འགོད་པ་དང་། ཡུན་ནན་གྱི་མི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་ཏང་ལ་བློ་ཁ་ཕྱོགས་པ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་མངོན་པར་བྱ་རྒྱུ་རེད།
ཐེངས་འདིའི་བྱེད་སྒོ་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་དང་མཉམ་འབྲེལ་སྒོས་སྤེལ་བ་ཡིན་ལ། ཀྲུང་དབྱང་གསར་འགྱུར་སྨྱན་སྦྱོར་གཙོ་བོ་དང་ལས་རིགས་སྨྱན་སྦྱོར། དེ་མིན་ཡུན་ནན་ཞིང་ཆེན་ནང་ཁུལ་གྱི་སྨྱན་སྦྱོར་སྒྲིག་འཛུགས་བྱས་ཏེ། ཁུན་མིང་དང་། ཏེ་ཧུང་། ཕུའུ་ཨེར་སོགས་ས་གནས་སུ་བརྟག་དཔྱད་ཞིབ་འཇུག་དང་བཅར་འདྲི་བྱ་རྒྱུ་རེད། བྱེད་སྒོ་དེ་ཟླ10པའི་ཚེས23བར་རྒྱུན་བསྐྱང་རྒྱུ་རེད། །