དུས་ཚིགས་སྔོན་མ་གསུམ་རིང་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་སྣ་ཚོགས་ཁྲི3271.25དང་ལེན་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ10པའི་ཚེས18ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་གསལ་ལྟར་ན། 2026ལོའི་དུས་ཚིགས་སྔོན་མ་གསུམ་རིང་མི་དམངས་ཁྲིམས་ཁང་གིས“མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱེད་པའི”དམིགས་ཚད་ལ་དམིགས་ནས། ཁྲིམས་ལྟར་གྱོད་གཞི་སྣ་ཚོགས་ཞིབ་གཅོད་དྲང་གཞག་བྱས་ཏེ། ཁྱོན་གྱོད་གཞི་སྣ་ཚོགས་ཁྲི3271.25དང་ལེན་བྱས་པ་དེ་དུས་མཉམ་ལས1.48%འཕར་ཡོད།

དུས་ཚིགས་སྔོན་མ་གསུམ་རིང་མི་དམངས་ཁྲིམས་ཁང་གིས་ཉེས་དོན་གྱོད་གཞི་ཁྲི112.32དང་ལེན་བྱས་པ་དེ་དུས་མཉམ་ལས5.64%ཆག་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་དྲ་རྒྱ་སྤྱད་དེ་བཟའ་བཅའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་གིས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ཟང་ཟིང་ཚབས་ཆེན་བཟོས་པར། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱུང་ཡོད། ཆེས་མཐོའི་ཁྲིམས་ཁང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་དུ་དྲ་རྒྱའི་ཟས་རིགས་བདེ་འཇགས་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་གཅོད་པའི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱས་ནས། མི་དམངས་མང་ཚོགས་ཀྱི“ལྕེ་རྩེའི་བདེ་འཇགས”ལ་འགན་ལེན་བྱས་ཡོད། 

དམངས་དོན་དང་ཚོང་དོན་གྱོད་གཞིའི་ཐད། མི་དམངས་ཁྲིམས་ཁང་གིས་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་རེའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། དུས་ཚིགས་སྔོན་མ་གསུམ་རིང་དམངས་དོན་དང་ཚོང་དོན་གྱོད་གཞི་ཁྲི2094.85དང་ལེན་བྱས་པ་དེ་དུས་མཉམ་ལས0.94%ཆག་ཡོད་པ་རེད། འཛུགས་སྐྲུན་ལས་གྲྭའི་ཨར་ལས་གན་རྒྱའི་རྩོད་གཞིའི་གྱོད་གཞི་ཞིབ་གཅོད་ཡང་དག་བྱ་ཆེད། ཆེས་མཐོའི་ཁྲིམས་ཁང་གིས་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་ཁྱབ་བསྒྲགས་བྱས་ཏེ། འཛུགས་སྐྲུན་ལས་གྲྭའི་གན་རྒྱའི་རྩོད་གཞིའི་འདྲི་གཅོད་དང་པོའི་གྱོད་གཞི་ཁྲི56.41དང་ལེན་བྱས་ཡོད། ཆེས་མཐོའི་ཁྲིམས་ཁང་གིས་ད་དུང་གྲངས་འཛིན་ཁོར་ཡུག་འོག་རྩོམ་ཡིག་གི་བདག་དབང་ཁྲིམས་འཛིན་ལག་ལེན་གྱི་དཀའ་གནད་དང་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་ཁྱོན་ཡོངས་ནས་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཁྲིམས་གཅོད་ཚད་གཞི་ཞིབ་ཚགས་སུ་བཏང་བ་དང་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱས་ཡོད། 

སྲིད་འཛིན་གྱོད་གཞིའི་ཁྱབ་ཁོངས་སུ། མི་དམངས་ཁྲིམས་ཁང་གིས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་ལྟ་སྐུལ་བྱས་ཏེ། དུས་ཚིགས་སྔོན་མ་གསུམ་རིང་སྲིད་འཛིན་གྱོད་གཞི་ཁྲི63.24དང་ལེན་བྱས་པ་དེ་དུས་མཉམ་ལས10.05%འཕར་ཡོད། དེའི་ནང་གཉེར་སྐྱོང་བྱེད་པོ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་འཛིན་ཆོག་འཐུས་དང་། སྲིད་འཛིན་གྲོས་མཐུན། སྲིད་འཛིན་ཁས་ལེན། སྲིད་འཛིན་ཆད་གཅོད། སྲིད་འཛིན་བཙན་ཤེད་སོགས་ཀྱི་འདྲི་གཅོད་དང་པོའི་གྱོད་གཞི་ཁྲི6.54དང་ལེན་བྱས་པ་དེ་དུས་མཉམ་ལས14.43%འཕར་ཡོད། 

ལག་བསྟར་གྱོད་གཞི་ཐག་གཅོད་བྱེད་པའི་ཐད། མི་དམངས་ཁྲིམས་ཁང་གིས་ལག་བསྟར་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། རྒྱུ་ནོར་སྲུང་སྐྱོང་དང་། ལག་བསྟར་སྣོལ་མ། ལག་བསྟར་གྲོས་གཞི་སོགས་ཀྱི་ལས་དོན་སྤེལ་ཤུགས་ཁྲིམས་ལྟར་ཆེ་རུ་བཏང་སྟེ། དུས་ཚིགས་སྔོན་མ་གསུམ་རིང་ལག་བསྟར་གྱོད་གཞི་ཁྲི941.42དང་ལེན་བྱས་པ་དེ་དུས་མཉམ་ལས10.12%འཕར་བས། “ཤོག་བུའི་ཐོག་གི་ཁེ་དབང”དེ་བས་མང་པོ་དངོས་དངོས་རྗེན་རྗེན་གྱི“གསེར་དངུལ”དུ་མངོན་འགྱུར་ཐུབ་པ་བྱུང་ཡོད། གཞན་ཡང་། ཁ་དན་ཚིག་གནས་མེད་པའི་ལག་བསྟར་བྱ་ཡུལ་གྱི་མིང་ཐོའི་ནང་གསར་དུ་བཅུག་པའི་མི་གྲངས་དུས་མཉམ་ལས1.04%ཆག་ནས། 2023ལོ་ནས་བཟུང་མུ་མཐུད་དུ་ཆག་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།