ཐེམ་ཆེན་རྫོང་སུ་རུ་ཞང་གི་སྐྱེ་ཁམས་བདག་སྐྱོང་ས་ཚུགས་ནི་རྫོང་གི་མངའ་ཁོངས་སུ་བདག་སྐྱོང་ས་ཚུགས7ཡོད་པའི་ནང་གི་གཅིག་ཡིན་ལ། ཐེམ་ཆེན་རྫོང་ནས་བར་ཐག་སྤྱི་ལེ230ལྷག་གི་མཚམས་སུ་མཚོ་འཕགས་སྨི3800ཡོད་སའི་ས་ཆ་རུ་ཆགས་ཡོད། སུ་རུའི་དོ་དམ་བདག་སྐྱོང་ས་ཚུགས་ཀྱི་བདག་སྐྱོང་ས་ཆའི་རྒྱ་ཁྱོན་ལ་སྤྱི་ཆིངས72280.4375ཡོད་ལ། དེའི་ནང་།གཙོ་སྙིང་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས31510.54ཡོད་པ་དང་།ས་ཁུལ་ཕལ་བའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས40704.40ཡོད་པ་རེད།

སྐྱེ་ཁམས་བདག་སྐྱོང་པ་སྟོབས་ལྡན།
སུ་རུའི་སྐྱེ་ཁམས་བདག་སྐྱོང་དོ་དམ་ས་ཚུགས་ཀྱི་འགན་འཛིན་པ་གཞོན་པ་སྟོབས་ལྡན་དང་ཁོའི་ལས་གྲོགས་རྣམས་ལ་མཚོན་ན་ལས་འགན་སྒྲུབ་པའི་གོ་རིམ་ཁྲོད་དུས་ནམ་ཡང་ཁོམ་ལོང་བྲལ་བའི་དུས་ནི་མེད་པ་རེད། ས་ཐག་རིང་ཞིང་མཚོ་འཕགས་མཐོ་བ་དང་། ནམ་ཟླ་འགྱུར་ལྡོག་ཆེ་བ་སོགས་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཤིན་ཏུ་ཞན་ཞིང་། གསོ་རླུང་དཀོན་ནའང་། སྟོབས་ལྡན་གྱིས་བསམ་པར་ཁོ་ཚོའི་ལས་ཀའི་སྙིང་སྟོབས་ནི་ནམ་ཡང་འགྱུར་མི་ཉན་པར་སྐྱེ་ཁམས་བདག་སྐྱོང་བྱེད་རྒྱུ་ནི་མི་ཚེའི་ལས་འགན་གལ་ཆེན་ཞིག་དུ་བརྩིས་ཤིང་། ལོ་ངོ་དུ་མར་ཁ་ཆར་བུ་ཡུག་དང་གྲང་རླུང་ལ་མ་འཛེམ་པར་ཁོས་སྐོར་ཞིབ་རུ་དཔུང་གི་སྣེ་ཁྲིད་དེ།ཐེམ་ཆེན་རྫོང་གི་ནུབ་བྱང་ཕྱོགས་ཀྱི་ས་མཐའི་སྐྱེ་ཁམས་སྲུང་སྐྱོང་གི་ལས་གནས་བརྟན་སྲུང་བྱས་པ་ཡིན་ལ། ལས་ཀའི་བར་གླགས་ནས་རང་གི་ཕ་མ་བུ་ཕྲུག་དང་ལྷན་དུ་སྡོད་པའི་གོ་སྐབས་མི་འཚོལ་ཞིང་། ནམ་རྒྱུན་ཁ་པར་བརྒྱུད་ནས་ཁྱིམ་མིའི་གནས་ཚུལ་འདྲི་བཞིན་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད།





ང་ཚོ་གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྟོབས་ལྡན་དང་ཁོའི་ལས་གྲོགས་རྣམས་ཀྱིས་འདས་པའི་ལོ་ཟླ་རིང་མོའི་ཁྲོད་དཀའ་སྡུག་གི་གཏམ་རྒྱུད་སྣ་ཚོགས་ཤིག་བསྐྲུན་མྱོང་ནའང་དེ་དག་ཐམས་ཅད་ཁོ་ཚོས་གཞན་ལ་གླེང་རིན་མེད་པ་ཞིག་དུ་བསམ་ཡོད་ལ། ཕ་ཡུལ་གྱི་རི་ཆུ་ལ་འདང་རྩེ་ཟབ་ཅིང་ས་འདིའི་རི་སྐྱེས་སྲོགས་ཆགས་དང་རྩྭ་ཕྲན་ཉག་མ་རེ་ལའང་རང་གི་སྲོག་ལྟར་གཅེས་བཞིན་ཡོད། ལས་རྐང་གི་ཟླ་ཕོག་ཤིན་ཏུ་ཉུང་ནའང་། ཕ་ཡུལ་གྱི་རི་ཆུ་དང་རི་ཆུ་ལས་འཁྲུངས་པའི་ཚེ་སྲོག་དེ་དག་བདག་སྲུང་བྱེད་པའི་ཆེད་དུ་ལས་ཚེགས་ལ་མི་འཛེམས་ཤིང་སྐྱེ་ཁམས་སྐོར་ཞིབ་ཀྱི་གོམ་ཁ་ནམ་ཡང་མཚམས་མི་འཇོག་པར། ལོ་སྣེ་ཟླ་མཐུད་ཀྱིས་ཉིན་ལྟར་སྐྱེ་ཁམས་སྐོར་ཞིབ་བྱེད་པ་དང་། རི་སྐྱེས་སྲོགས་ཆགས་སྲུང་སྐྱོབ་དང་རྗེས་འདེད་ལྟ་ཞིབ། སྐྱེ་ཁམས་སྲུང་སྐྱོང་གི་ཤེས་བྱ་དྲིལ་སྒྲོག རྩྭ་ཐང་མེ་སྐྱོན་དང་སྲོག་ཆགས་ཉེན་ཁར་འཕྲད་པ་སོགས་ཐོལ་བྱུང་གི་དོན་རྐྱེན་ཐག་གཅོད་བྱེད་པ།སྐྱེ་ཁམས་ཁོར་ཡུག་ཁྲོད་ཀྱི་རྩྭ་ཆུའི་བཟང་ངན་གྱི་འགྱུར་ལྡོག་ལ་རྟོག་ཞིབ་བྱེད་པ། ཆུ་ཀླུང་དང་མཚེའུ་བཞུར་རྒྱུན་སོགས་ཆུའི་མགོ་ཁུངས་སྲུང་སྐྱོབ་བྱེད་པ། དེ་མིན། ད་དུང་རྩ་ཆེའི་རྩྭ་ཤིང་སྨན་ཏོག་དང་རི་སྐྱེས་སྲོག་ཆགས་སོགས་སྐྱེ་དངོས་འཚོལ་ཞིབ་དང་སྲུང་སྐྱོབ་སོགས་ཀྱི་ལས་ཀ་མང་པོ་ཞིག་བསྒྲུབས་ཏེ་ཕལ་བའི་མི་ཚེ་ཞིག་གིས་ཕལ་བ་མ་ཡིན་པའི་ལས་འགན་རི་བོ་ལྟ་བུ་བསྒྲུབས་པ་ལས། ཕ་ཡུལ་གྱི་རི་བོ་སྔར་ལས་སྔོ་ཞིང་ཆུ་བོ་སྔར་ལས་དྭངས་བའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་གི་རྨང་གཞི་བརྟན་པོ་བུ་རབས་ཚ་རྒྱུད་ལ་བཞག་ཡོད་པ་རེད།
མདོ་ལ་རི་རྒྱུད་རྒྱལ་ཁབ་སྤྱི་གླིང་ཐེམ་ཆེན་ས་ཁུལ་ནི་སྐྱེ་ཁམས་ཁོར་སྲུང་པ་སྟོབས་ལྡན་ལྟ་བུའི་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་པ་མི་སྣ55ལྷག་ལ་བརྟེན་ནས་ཐེམ་ཆེན་རྫོང་གི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་།ནགས་ཚལ་དང་རྩྭ་ཐང་ཞན་འགྱུར་གྱི་རྣམ་པ་སྔོན་འགོག རྩྭ་ཐང་ས་ནག་ཏུ་འགྱུར་བའི་རྣམ་པ་སྒྱུར་བཅོས་བྱེད་པ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྨན་ཏོག་རྩ་ཆེ་བ་དག་སྲུང་སྐྱོབ་བྱེད་པ། ཨ་པྲའི་གནོད་འཚེ་དང་གནོད་ལྡན་སྐྱེ་དངོས་སྔོན་འགོག སྡོང་འཛུགས་ནགས་སྐྲུན་སོགས་སྐྱེ་ཁམས་མ་ལག་བཅོས་སྐྱོང་ཐད་ནས་སྲིད་གཞུང་དང་མང་ཚོགས་ཐུན་མོང་གི་བྱ་བ་རབ་དང་རིམ་པ་མང་པོ་ཞིག་སྒྲུབ་ཀྱིན་ཡོད།




ད་ལྟ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཐེམ་ཆེན་ས་ཁུལ་གྱི་སུ་རུའི་སྐྱེ་ཁམས་དོ་དམ་བདག་སྐྱོང་ས་ཁོངས་སུ་ག་ས་གང་དུ་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཁྱུ་དང་ཁྱུ་བྱས་ཏེ་བག་ཡངས་སུ་རྒྱུ་བཞིན་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་དངོས་མཐོང་ཐུབ་པའི་གྲུབ་འབྲས་ནི་སྐྱེ་ཁམས་བདག་སྐྱོང་པ་སྟོབས་ལྡན་དང་སྟོབས་ལྡན་ལྟ་བུའི་ས་གནས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་སྲུང་པ་མང་པོ་ཞིག་གིས་དཀའ་སྡུག་དང་དངུལ་ཁྲག་གིས་སྐྱེ་ཁམས་ལ་ཕུལ་བའི་བདེན་དཔང་ཡིན་ཕྱིར། ད་ལྟ་ཐེམ་ཆེན་རྫོང་གི་ཡུལ་ལུང་ཀུན་དུ་ཚར་དུ་དངར་བའི་གངས་ཀྱི་རི་རྒྱུད་མང་པོ་དང་། མཚོ་དང་མཚེའུ། ཆུ་ཀླུང་ཆེན་པོ། རྫ་རི་དང་སྤང་རི།ན་དང་བརླན་ས།ལྗངས་མདོག་གི་སྤང་ལྗོངས་སོགས་རང་བྱུང་མཛེས་སྡུག་གི་ལྷན་གྲུབ་རི་མོ་གང་སར་མཐོང་ཐུབ་བོ།།