ཟླ10པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་སྤེལ་བའི་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཟླ་སྔོན་མ་བརྒྱད་ཀྱི་རིང་། མཚོ་སྔོན་ཞིང་ཆེན་གྱི་ཞབས་ཞུའི་ཉོ་ཚོང་ཕྱིར་གཏོང་སྤྱི་འབོར་ཨ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གཉིས་དང་ཁྲི་དྲུག་སྟོང་གཅིག་ལ་སླེབས་ཤིང་། ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ང་ལྔ་དང་གྲངས་ཆུང་གསུམ་འཕར་ཡོད་ལ། འཕར་ཚད་དེ་ཟླ་དང་པོ་ནས་ཟླ་བདུན་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་ཉེར་གསུམ་དང་གྲངས་ཆུང་དགུ་ཇེ་མགྱོགས་སུ་ཕྱིན་པ་དང་། ཕྱི་ཕྱོགས་སུ་ཞབས་ཞུ་འདོན་སྤྲོད་ཚད་བསྟུད་མར་ཇེ་མཐོར་འགྲོ་བཞིན་ཡོད།
ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་མཐོ་སྒང་གི་ཁྱད་ལྡན་ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་པ་དང་། སྲིད་ཇུས་ཀྱི་གནད་འཁེལ་ཁྲིད་སྟོན་ལ་ཤུགས་བསྣན་ཞིང་། ཞབས་ཞུའི་ཉོ་ཚོང་ཚོགས་འདུ་དང་ཞང་ཀང་གི་རྒྱུད་གཅིག་ལམ་གཅིག་མཐོ་རིམ་གླེང་སྟེགས་སོགས་དཔལ་འབྱོར་ཉོ་ཚོང་སྤེལ་རེས་ཀྱི་སྟེགས་བུ་མང་པོར་བརྟེན་ནས། ཞབས་ཞུའི་ཉོ་ཚོང་གི་ཐབས་ལམ་གསར་པ་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ཁྱབ་ཁོངས་སོ་སོའི་ཕྱིར་གཏོང་ཚད་ཆ་སྙོམས་ཀྱིས་འཕར་ཡོད། ཁྱབ་ཁོངས་དབྱེ་ནས་བལྟས་ན། རྒྱལ་ཁོངས་བརྒལ་ནས་ཁྲལ་ཕྱིར་སློག་པ་སོགས་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག ཡུལ་སྐོར་ཞབས་ཞུའི་ཕྱིར་གཏོང་ཚད་ཨ་སྒོར་ས་ཡ་དྲུག་དང་འབུམ་ལྔ་སྟོང་བརྒྱད་ལ་སླེབས་ཤིང་། ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་རེ་བདུན་འཕར་ཡོད། རྒྱལ་ཁོངས་བརྒལ་བའི་ཉོ་ཚོང་ཐབས་ལམ་ལ་བརྟེན་ནས་ལས་སྒོ་རྒྱ་བསྐྱེད་པ་དང་། སྐྱེལ་འདྲེན་ཞབས་ཞུ་ཕྱིར་གཏོང་ཚད་ཨ་སྒོར་འབུམ་བདུན་དང་ཁྲི་དགུ་སྟོང་གསུམ་ལ་སླེབས་ཤིང་། ན་ནིང་གི་དུས་མཉམ་དང་བསྡུར་ན་ལྡབ་དོན་བཞི་འཕར་ཡོད། གྲངས་འཛིན་ལག་རྩལ་མགྱོགས་མྱུར་ངང་བཀོལ་སྤྱོད་དང་། རིག་གནས་ཐོན་རྫས་དང་ཞབས་ཞུ་མགྱོགས་མྱུར་ངང་ཕྱིར་གཏོང་བྱས་པ་དང་བསྟུན་ནས། མི་སྒེར་དང་རིག་གནས། རོལ་རྩེད་བཅས་ཀྱི་ཞབས་ཞུ་ཕྱིར་གཏོང་ཚད་ཨ་སྒོར་འབུམ་གསུམ་དང་ཁྲི་གཅིག་སྟོང་གཉིས་ལ་སླེབས་ཤིང་། ན་ནིང་གི་དུས་མཉམ་དང་བསྡུར་ན་ལྡབ་བཅོ་ལྔ་དང་གྲངས་ཆུང་བརྒྱད་འཕར་ཡོད། ཚོང་ལས་ཞབས་ཞུ་གཞན་པའི་ཕྱིར་གཏོང་ཚད་ཨ་སྒོར་ས་ཡ་བདུན་དང་འབུམ་ལྔ་སྟོང་གཅིག་ལ་སླེབས་པ་དང་། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཞི་བཅུ་དང་གྲངས་ཆུང་བདུན་འཕར་ཡོད།
དེང་ཕྱིན། ཞིང་ཆེན་ཚོང་དོན་ཐིང་གིས་ཡུལ་སྐོར་དང་རིག་གནས་རོལ་རྩེད་སོགས་ཁྱད་ལྡན་ཞབས་ཞུའི་ཕྱིར་གཏོང་འཕར་གནས་སྐྱེད་སྲིང་བྱེད་པ་དང་། ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཀྱི་མི་འདང་སར་ཁ་གསབ་དང་། ཞབས་ཞུའི་ཉོ་ཚོང་གི་སྒྲིག་གཞི་ལེགས་སྒྱུར། ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ཀྱི་གོ་སྐབས་དམ་འཛིན་བཅས་བྱས་ཏེ། མཐོ་སྒང་ས་གནས་ཀྱི་ཞབས་ཞུ་ཕྱིར་གཏོང་ཚད་ཧུར་ཐག་གིས་ཇེ་མང་དུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་གི་སྤུས་འདེགས་ཕན་སྐྱེད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།