གནའ་རྫས་རྟོག་ཞིབ་ཆེད་མཁས་པས་མདོ་དབུས་མཐོ་སྒང་གི་གནའ་བོའི་དཔལ་ཡོན་འབྲེལ་འདྲིས་ཀྱི་ལོ་རྒྱུས་གསལ་འགྲེལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས16ཉིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཐུང་ཐའོ་ཡིས་གདན་ཞུ་ལྟར་མཚོ་སྔོན་དགེ་འོས་སློབ་ཆེན་དུ་ཁུ་ནུ་རྡོ་བརྐོས་དང་རྒྱལ་བློན་དར་གོས་དང་མདོ་དབུས་མཐོ་སྒང་གི་སྔ་དུས་འགྲིམ་འགྲུལ"ཞེས་པ་བརྗོད་དོན་དུ་བྱས་ཏེ་སྙན་ཞུ་ཕུལ་བ་དང་། སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཡི་གེ་དང་ཉེ་བའི་ལོ་ཤས་རིང་མདོ་དབུས་མཐོ་སྒང་ནས་རྙེད་པའི་རིག་དངོས་གསར་པ་ལ་བརྟེན་ནས། སྔ་དུས་ཀྱི་མཐོ་སྒང་དཔལ་ཡོན་དང་དབུལ་རྒྱུད་ས་ཁུལ་དང་མཐའ་འཁོར་ས་ཁུལ་བར་དུ་ཟམ་མ་ཆད་པར་འབྲེལ་འདྲིས་བྱུང་ཚུལ་བསྐྱར་དུ་མངོན་པར་བྱས།

ངོ་སྤྲོད་བྱས་པ་ལྟར་ན། སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཡི་གེ་འདི་ནི་ད་ལྟ་རང་སོར་གནས་ཤིང་མཚོ་འཕགས་ཆེས་མཐོ་ཤོས་ཀྱི་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་གཅིག་པུ་ཡིན་པ་མ་ཟད། མདོ་དབུས་མཐོ་སྒང་སྟེང་དུ་ཤེས་རྟོགས་བྱུང་བའི་ལོ་རྒྱུས་ཆེས་རིང་ཤོས་ཀྱང་ཡིན། རྡོ་བརྐོས་དེའི་ནང་དོན་དང་རྨ་ཆུའི་འབྱུང་ཁུངས་སུ་ཡོད་པའི་གནས་ཡུལ་དེས་ཆིན་རྒྱལ་རབས་སྔོན་གྱི་ཁུ་ནུ་དང་གཙང་བོའི་འབྱུང་ཡུལ་སོགས་ཀྱི་གནས་ཡུལ་འཚོལ་ཞིབ་བྱེད་པར་ཁུངས་སྣེ་འདོན་སྤྲོད་བྱས་ཡོད་ལ། ཆིན་རྒྱལ་རབས་ཀྱི་སྐབས་ནས་བཟུང་དབུས་རྒྱུད་སྲིད་དབང་དང་མཐོ་སྒང་ལྟེ་བའི་བར་འགྲིམ་འགྲུལ་འགྲོ་འོང་གི་ལམ་བུ་བཙུགས་ཟིན་པ་ར་སྤྲོད་བྱས་ཏེ། དེའི་གཞུག་གི་ཐང་བོད་གནའ་ལམ་དུ་གྱུར་ཡོད།

ཐུང་ཐའོ་ཡིས་ད་དུང་བོད་ལྗོངས་མངའ་རིས་ས་ཁུལ་ནས་ཐོན་པའི་ཧན་ཅིན་རྒྱལ་རབས་ཀྱི་དུར་སའི་ནང་དུ"རྒྱལ་བློན"ཞེས་བྲིས་པའི་དར་གོས་ཁག་ཅིག་རྙེད་པ་དེ་དག་ལེགས་སྒྲིག་དང་དབྱེ་ཞིབ་བྱས། མངའ་རིས་ནས་ཐོན་པའི་དབུས་རྒྱུད་དར་གོས་འདི་དག་གིས་ཧན་ཅིན་དུས་སྐབས་སུ་དར་གོས་ཚོང་ལམ་གྱི་ལམ་ཐིག་ཞིག་ཞིན་ཅང་ལྷོ་ཕྱོགས་བརྒྱུད་ནས་མདོ་དབུས་མཐོ་སྒང་ནུབ་ཕྱོགས་སུ་བསྲིངས་ཏེ། ཧི་མ་ལ་ཡ་བརྒལ་བའི་དར་གོས་ཚོང་ལམ"གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མངོན་ཡོད།

ཐུང་ཐའོ་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཡིན་ཞིང་། དུས་ཡུན་རིང་པོར་མདོ་དབུས་མཐོ་སྒང་གི་ཐུ་བྷོད་སྔོན་དང་ཐུ་བྷོད་དུས་སྐབས་ཀྱི་གནའ་རྫས་སྔོག་འདོན་ལས་དོན་དང་ཕྱོགས་བསྡུས་ཞིབ་འཇུག་ཐད་འབད་བརྩོན་ལྷོད་མེད་གནང་བཞིན་ཡོད། 2012ལོ་ནས2018ལོའི་བར་ཁོས་འགོ་འཛིན་བྱས་པའི་བོད་ལྗོངས་མངའ་རིས་ཀྱི་གུ་རུ་རྒྱམ་བང་སོ་དང་ཆུ་ཐོག་བང་སོའི་གནའ་རྫས་སྔོག་འདོན་དེར2014ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱི"རྒྱལ་ཡོངས་གནའ་རྫས་གསར་རྙེད་ཆེན་པོ་བཅུའི"གྲས་སུ་བདམས་ཐོབ་བྱུང་། 2018ལོ་ནས2022ལོའི་བར་ཁོས་འགོ་འཛིན་བྱས་པའི་མཚོ་སྔོན་ཝུའུ་ལན་ཆོན་ཀོའུ་ཐུ་བྷོད་དུས་སྐབས་ཀྱི་ལྡེབས་རིས་བང་སོ་སྔོག་འདོན་བྱས་པ་དང་། གྲུབ་འབྲས་དེ་ཡང་བསྐྱར2019ལོའི"རྒྱལ་ཡོངས་གནའ་རྫས་གསར་རྙེད་ཆེན་པོ་བཅུའི"ཁོངས་སུ་ཚུད། 2025ལོར་ཐུང་ཐའོ་ཡིས《འོད་ཟེར་ཉིན་རེའི་ཚགས་པར》སྟེང་དཔྱད་རྩོམ་སྤེལ་ཏེ《གནའ་བོའི་ཁུ་ནུའི་གནས་ཡུལ་གྱི་དངོས་དཔང---མཚོ་སྔོན་རྨ་ཆུ་འབྱུང་ཡུལ་དུ་ཆིན་ཧྲི་ཧོང་གིས་ཕོ་ཉ་མངགས་ཏེ་ཁུ་ནུ་རུ་སྨན་རྩྭ་འཐུ་བར་བསྐྱོད་པའི་རྡོ་བརྐོས་ཡིག་རྙིང་རྙེད》ཅེས་པ་སྤེལ་བ་དེས། རིག་གཞུང་ལས་རིགས་ཀྱི་སྡེ་དང་ཐ་ན་སྤྱི་ཚོགས་ཡོངས་སུ་དོ་སྣང་ཆེན་པོ་བྱུང་། 2025ལོའི་ཟླ9པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས"ཁུ་ནུ་རུ་སྨན་རྩྭ་འཐུ་བའི་རྡོ་རིང"འདི་ཉིད་དངོས་སུ་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཡིག་ཆ་ཚད་ལྡན་དུ་གཏན་འཁེལ་བྱས་པ་དང་མིང་ལ"སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཡི་གེ"ཞེས་བཏགས། ལོ་དེའི་ཟླ་བཅུ་པར། སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་འདི་ཉིད་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ནང་བཅུག

ཚོགས་འདུར་ཞུགས་མཁན་གྱི་དགེ་སློབ་ཚོས་མཐོ་སྒང་གི་གནའ་རྫས་རིག་པའི་མདུན་གྲལ་གནད་དོན་སྐོར་གྱི་དྲི་བ་མང་པོ་བཏོན་ཏེ། ཐུང་ཐའོ་དང་ལྷན་དུ་ཕྱོགས་མང་གཏིང་ཟབ་སྒོས་གྲོས་སྡུར་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།