མཚོ་སྔོན་གྱིས་གཙོ་གནད་ལས་འགན་དགུ་ལ་བརྟེན་ནས་མཐོ་སྒང་གི་མཁར་གྲོང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

​ཟླ10པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ལས་དོན་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། གསར་འགོད་པས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ལས་དོན་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལྟར་ན། 2030ལོའི་བར། མཚོ་སྔོན་གྱིས“མ་ལག་ཅན་གྱི་འཛུགས་སྐྲུན་དང་། ནུས་ཆོད་མཐོ་བའི་འཁོར་སྐྱོད། གྲངས་འཛིན་ཅན་གྱི་ནུས་སྩོལ། འཁོར་ཡུན་ཧྲིལ་པོའི་དོ་དམ”བཅས་ཀྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་འཛུགས་རྒྱུ་རེད། དེ་དང་ཆབས་ཅིག གཙོ་གནད་ལས་འགན་ཆེན་པོ་དགུ་བཀོད་སྒྲིག་བྱས་ཏེ། མཐོ་སྒང་མཁར་གྲོང་གི་གནས་སྡོད་དང་འཚམ་པའི་འཛུགས་སྐྲུན་དམིགས་འབེན་གཏན་འཁེལ་བྱས་ནས། རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགུལ་སྐྱོད་ཐབས་ལམ་གཏན་འཁེལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱ་རྒྱུ་རེད།

ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་གཙོ་གནད་ལས་འགན་ཆེན་པོ་དགུའི་ནང་ལྗང་མདོག་ཐཱན་ཉུང་མཁར་གྲོང་འཛུགས་སྐྲུན་དང་། གྲོང་ཁྱེར་གསར་སྒྱུར་འགུལ་སྐྱོད། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ། སྡོད་ཁང་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། རྣམ་པ་གསར་པའི་གྲོང་ཁྱེར་གྱི་རྨང་གཞིའི་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ། འཆམ་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ། ལོ་རྒྱུས་རིག་གནས་ཀྱི་རྩ་བ་རྒྱུན་འཛིན་བྱེད་པ། གྲོང་ཁྱེར་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། བདེ་འཇགས་འཕེལ་རྒྱས་ཀྱི་ཚད་མཐའ་ཇེ་བརྟན་དུ་གཏོང་བ་བཅས་ཚུད་ཡོད། དེའི་ནང་མཚོ་སྔོན་གྱི་སྐྱེ་ཁམས་དགེ་མཚན་ལ་གཞི་འཛུགས་པ་དང་ལྗང་མདོག་ཐཱན་ཉུང་གི་མཁར་གྲོང་འཛུགས་སྐྲུན་བྱེད་ཐབས་སུ་བྱས་ཏེ། མཁར་གྲོང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཇེ་ཉུང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ལྗང་མདོག་བཟོ་བཀོད་འཕེལ་རྒྱས་ཁྱབ་གདལ་གཏོང་བ་དང་གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། གཞིས་ཁུལ་རྙིང་པ་དང་མཁར་གྲོང་གི་སྡེ་བ་སྒྱུར་བཀོད་ལག་བསྟར་བྱས་ཏེ། སྤྱི་པའི་ཞབས་ཞུའི་སྒྲིག་ཆས་ཆ་ཚང་དུ་བཏང་ནས་སྡེ་ཁུལ་ཆ་ཚང་ཁག་ཅིག་བསྐྲུན་རྒྱུ་ཡིན་པ་དང་། སྡོད་ཁང་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་སྡོད་ཁང་མཁོ་སྤྲོད་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས། རྣམ་པ་གསར་པའི་གྲོང་ཁྱེར་གྱི་རྨང་གཞིའི་འཛུགས་སྐྲུན་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་ལ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་སྤེལ་གཏོང་བ་དང་། མཛེས་སྡུག་ལྡན་ལ་བདེ་སྡོད་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལོ་རྒྱུས་རིག་གནས་ཀྱི་རྩ་བ་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ཏེ། གྲོང་ཁྱེར་བཅོས་སྐྱོང་གི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་བདེ་འཇགས་འཕེལ་རྒྱས་ཀྱི་ཚད་མཐའ་ཇེ་བརྟན་དུ་བཏང་ནས། མཐོ་སྒང་གི་མཁར་གྲོང་འཛུགས་སྐྲུན་གྱི་སྤྱི་ཡོངས་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་མཚམས་ཤིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ལས་དོན་གྱིས་མཁར་གྲོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་ཐིག་ལ་དམ་པོར་དམིགས་ནས། གྲོང་ཁྱེར་གསར་སྒྱུར་དང་རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་བྱ་སྤྱོད་ཆེན་པོ་གཉིས་སྤྱི་འདོམས་ལག་བསྟར་བྱས་ཏེ། གཙོ་གནད་ལས་འགན་ཆེན་པོ་དགུ་བརྒྱུད་རིམ་ལྡན་པའི་ངང་ལག་བསྟར་བྱས་ནས། 2030ལོར་སླེབས་སྐབས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་མཐུན་པའི་མཐོ་སྒང་གི་མཁར་གྲོང་འཕེལ་རྒྱས་ཀྱི་མ་ལག་གཞི་རྩའི་ཆ་ནས་འགྲུབ་པར་བྱེད་པ་དང་། གནས་སྡོད་དང་འཚམ་པ་དང་གྲོང་ཁྱེར་ལ་གསོན་ཤུགས་ལྡན་པ། གྲོང་གསེབ་ལ་ཁྱད་ཆོས་ལྡན་པ་བཅས་ཀྱི་འཛུགས་སྐྲུན་གྱི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།