ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་པེ་ཅིང་དུ2026ལོའི་འཛམ་གླིང་སྲོལ་རྒྱུན་གསོ་རིག་སྨན་རྫས་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ལི་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི་འཛམ་གླིང་སྲོལ་རྒྱུན་གསོ་རིག་སྨན་རྫས་ཚོགས་ཆེན་ལ་སྤྲིངས་པའི་ཤིས་འཕྲིན་ཁྲོད་དུ་གསུང་བ་ནང་བཞིན། སྲོལ་རྒྱུན་གསོ་རིག་སྨན་རྫས་ནི་མིའི་རིགས་ཀྱི་ཤེས་དཔལ་གསར་གཏོད་ཀྱི་གྲུབ་འབྲས་ཤིག་རེད། མི་རབས་ནས་མི་རབས་བར་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་དགོས་ལ། དུས་བསྟུན་མདུན་སྐྱོད་དང་བདེན་སྲུང་གསར་གཏོད་ཀྱང་བྱེད་དགོས། དེང་གི་དུས་རབས་སུ། སྲོལ་རྒྱུན་གསོ་རིག་སྨན་རྫས་ཀྱིས་རང་ངོས་ཀྱི་ནུས་པ་ཇི་ལྟར་འདོན་སྤེལ་བྱེད་དགོས་པའི་ཐད་ནས། ངས་ལྷན་རྒྱས་དང་མྱོང་ཚོར་དང་བསམ་གཞིགས་ཁ་ཤས་མཉམ་སྤྱོད་བྱ་རྒྱུ་ཡིན།
གཅིག་ནི་སྲོལ་རྒྱུན་གསོ་རིག་སྨན་རྫས་ནི་མིའི་རིགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་པ་དང་། དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐུན་མོང་མ་ཡིན་པའི་སྟོབས་ཤུགས་ཤིག་ཡིན། དུས་ཡུན་རིང་པོའི་འཕེལ་རྒྱས་བརྒྱུད། སྲོལ་རྒྱུན་གསོ་རིག་སྨན་རྫས་རྒྱུན་མཐུད་ངང་ཕུན་སུམ་ཚོགས་པར་འགྱུར་བཞིན་ཡོད་པ་དང་། ད་ལྟ་ཚེ་སྲོག་བདེ་ཐང་འགན་སྲུང་བྱེད་པའི་ཐབས་མཆོག་གལ་ཆེན་དང་། སྣ་མང་ཤེས་དཔལ་རྒྱུན་འཛིན་བྱེད་པའི་གཞི་རྟེན་གལ་ཆེན། རྒྱལ་ཁབ་སོ་སོའི་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་སྦྲེལ་ཐག་གལ་ཆེན་བཅས་སུ་གྱུར་ཡོད།
གཉིས་ནི་ཀྲུང་གོའི་སྲོལ་རྒྱུན་གསོ་རིག་སྨན་རྫས་དེ་ཡུན་རིང་གི་ལག་ལེན་ཁྲོད་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བགྲོད་ཡོད། ང་ཚོས་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མང་སྡུད་མང་གསོག་བྱ་རྒྱུར་དོ་སྣང་བྱས་ཡོད། རྩ་ཆེའི་ཉམས་མྱོང་འདི་དག་གིས་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་སྨན་རྫས་འཕེལ་རྒྱས་ཐད་ཀྱང་ཕན་ནུས་ལྡན་པའི་དཔྱད་གཞི་འདོན་སྤྲོད་བྱས།
གསུམ་ནི་དུས་རབས་ཀྱི་འགྲན་སློང་ལ་དམིགས་ནས་མཉམ་དུ་སྲོལ་རྒྱུན་གསོ་རིག་སྨན་རྫས་ཀྱི་འཕེལ་རྒྱས་གསར་པར་སྐུལ་སྤེལ་བཏང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ཐད་ཤུགས་སྣོན་དགོས་པ་དང་། ཚན་རྩལ་ལ་བརྟེན་ནས་ནུས་སྩོལ་ལ་ཤུགས་སྣོན་པ་དང་། སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་ནས། འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་སྨན་རྫས་ཐོན་ཁུངས་ལེགས་སྒྲིག་བེད་སྤྱོད་ལེགས་པོ་བྱས་ཏེ། མིའི་རིགས་ཀྱི་བདེ་ཐང་འཕྲད་པའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་འཇལ་དགོས།
ལི་ཆང་གིས་བསྟན་དོན། ཀྲུང་གོ་བས་རྟག་ཏུ་སྨན་པ་ཚོར་བྱམས་སེམས་ལྡན་པ་དང་གསོ་རིག་ལ་བརྟེན་ནས་འཇིག་རྟེན་སྐྱོབ་ཅེས་བཤད་ཀྱིན་ཡོད། མི་ལ་ན་ཚ་བྱུང་ཚེ་ལུས་ཁམས་གསོ་དགོས་པ་ལྟར། འཛམ་གླིང་འཕེལ་རྒྱས་ཐད་གནད་དོན་བྱུང་བ་དང་དཀའ་གནད་ལ་འཕྲད་སྐབས་ཀྱང་བཅོས་སྐྱོང་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་བཅོས་སྐྱོང་གྲོས་འགོ་ནི་དེང་སྐབས་འཛམ་གླིང་གི་ཟང་ཟིང་སྣ་ཚོགས་ཞི་བར་བྱེད་པའི་ཐབས་མཆོག་ཅིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཀྱེལ་ཡངས་དང་མཐུན་སྦྱོར་གྱི་བློ་གྲོས་མང་ཙམ་ཡོད་པར་བྱེད་པ་དང་། དཀའ་སྡུག་མཉམ་ཁུར་བྱེད་པ་དང་། རང་སྡུག་གཞན་འགེལ་གྱི་འཕྲལ་བདེར་སྙེག་པའི་བྱ་སྤྱོད་ཉུང་ཙམ་བྱས་ཏེ། ཚང་མས་མཉམ་དུ་འཛམ་གླིང་གི་དར་རྒྱས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འབྲེལ་ཡོད་འགན་ཁུར་བས་ཤིས་ཚིག་ཕུལ། རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་དཔོན་རིགས་དང་། ཆེད་མཁས་པ། སྲོལ་རྒྱུན་གསོ་རིག་ལས་གཉེར་པ་སོགས་མི1200ཙམ་འགོ་རྩོམ་མཛད་སྒོར་ཞུགས།
དབྱིན་ལི་དང་། ལིའུ་གོ་ཀྲུང་། ཝུའུ་ཀྲིན་ལུང་བཅས་བྱེད་སྒོར་ཞུགས།