ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། "མཚོ་སྔོན་རོགས་སྐྱོར་བུམ་པ"ཞེས་པའི་རྐང་གྲུག་གདན་ཞུ་འགྲན་སྡུར་མཚོ་ཤར་གྲོང་ཁྱེར་ལུས་རྩལ་ལྟེ་གནས་ཀྱི་རྐང་གྲུག་ཐང་ཆེན་དུ་སྤེལ་འགོ་བརྩམས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་འགོ་རྩོམ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལ་ཙི་པེ་ཁུ•རེ་སུའུ་ལི་ཧན་གྱིས་ཤིས་ཚིག་ཕུལ། ཧྲིན་ཀྲང་གཞོན་པ་ཁྲུན་ཅི་ཝེ་ཡིས་འགྲན་སྡུར་འགོ་རྩོམ་གྱི་སྤོ་ལོ་འཕངས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་བྱེད་སྒོར་ཞུགས།
ཐེངས་འདིའི་བྱེད་སྒོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུས་རྩལ་ལས་དོན་སྐོར་ལ་གནང་བའི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལུས་རྩལ་རྒྱལ་ཁབ་སྟོབས་ལྡན་དང་བདེ་ཐང་ཀྲུང་གོ་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བསྟར་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། ཤར་ནུབ་རྒྱུད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་རིགས་ཁག་བར་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཡོང་བར་སྐུལ་སྤེལ་གཏོང་བའི་གསར་གཏོད་རང་བཞིན་གྱི་གཞི་རྟེན་ཞིག་ཀྱང་ཡིན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་་ས་ཁུལ་ཏེ་ཅང་སུའུ་ཞུས་ཀྲོའུ་དང་ཀྲེ་ཅང་ཐའེ་ཀྲོའུ། ཧྲན་ཏུང་ལིའོ་ཁྲེང་གི་འཐུས་ཚབ་རུ་ཁག་གསུམ་དང་མཚོ་ཤར་ཐེན་ཡིའུ་ཏི་རུ་ཁག་བཅས་ཀྱིས་མཉམ་དུ་འགྲན་ར་གཅིག་ནས་འགྲན་སྡུར་བྱས་པ་བརྒྱུད། རྐང་གྲུག་ལ་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྟེགས་བུ་གསར་པ་བསྐྲུན་པ་དང་དུས་རབས་གསར་པར་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་གྲུབ་འབྲས་བཟང་པོ་མངོན་པར་བྱས་ཡོད།
འགྲན་ཞུགས་རུ་ཁག་བཞི་ཡི་ཁྲོད་དུ། ཅང་སུའུ་ཞུས་ཀྲོའུ་རུ་ཁག་ནི་རྐང་གྲུག་མཉམ་འགྲན་གྱི་རྩེར་སོན་བརྒྱད་ཀྱི་གྲས་ཡིན་ལ། ཀྲེ་ཅང་ཐའེ་ཀྲོའུ་རུ་ཁག་ནི་ཝུའུ་ཡུའེ་བུམ་པའི་རྩེར་སོན་བཞི་ཡི་གྲས་ཡིན། ཧྲན་ཏུང་ལིའོ་ཁྲེང་རུ་ཁག་ནི་ཧྲན་ཏུང་རྐང་གྲུག་མཉམ་འགྲན་གྱི་རྩེར་སོན་བཞི་ཡི་གྲས་ཡིན། མཚོ་ཤར་ཐེན་ཡིའུ་ཏི་རྐང་གྲུག་རུ་ཁག་ནི་མཚོ་སྔོན་རྐང་གྲུག་མཉམ་འགྲན་གྱི་ཨང་གཉིས་པ་ཡིན། རུ་ཁག་བཞི་ལ་སོ་སོའི་ཁྱད་ཆོས་ལྡན་ལ་སྟོབས་ལྡན་གྱི་རུ་ཁག་འགའ་ཡིན་པས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་ཁྲོད་ཛ་དྲག་གི་འགྲན་སྡུར་བྱ་རྒྱུ་རེད། པེ་ཅིང་དང་ཐེན་ཅིན། ཧྲང་ཧའེ་སོགས་ཀྱི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ཡིས་མཐུན་སྦྱོར་བྱས་ཏེ། རྐང་གྲུག་སྐར་ཆེན་གྲགས་ཅན་དང་ཤན་འབྱེད་པ་གྲགས་ཅན། འགྲེལ་བཤད་པ་སྐད་གྲགས་ཅན་སོགས་འགྲན་བསྡུར་ཁྲོད་ཞུགས་པ་དང་འབྲེལ་ཡོད་བརྗེ་རེས་བྱེད་སྒོ་སྤེལ། འགྲན་རིམ་ལྟར་ན། འགྲན་ཞུགས་རུ་ཁག་བཞི་ཡིས་རྒྱན་འཕེན་པའི་སྒོ་ནས་ཕམ་འདོར་འགྲན་སྡུར་སྤེལ་དགོས་པ་དང་། ཟླ10པའི་ཚེས18ཉིན་གྱི་རྟིང་རྩོད་འགྲན་སྡུར་སྔོན་ལ། མཚོ་སྔོན་པོ་རླབས་ཕྲན་ན་གཞོན་སྐྱེས་མའི་རྐང་གྲུག་རུ་ཁག་གིས་གདན་ཞུའི་སྐར་ཆེན་གྲགས་ཅན་དང་འགྲན་ཞུགས་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ཚབ་མཚོན་མི་སྣ་མཉམ་སྡེབ་ཀྱི་རུ་ཁག་དང་འགྲན་སྡུར་བྱེད་རྒྱུ་ཡིན་ལ། དེའི་རྗེས་སུ། ཕམ་འདོར་འགྲན་སྡུར་ལས་རྒྱལ་ཁ་ཐོབ་མཁན་གྱིས་ཨང་དང་པོ་རྩོད་པའི་འགྲན་སྡུར་བྱེད་རྒྱུ་རེད།
འགྲན་སྡུར་གྱི་སྐབས་སུ། དུས་མཉམ་དུ"མཚོ་སྔོན་ལེགས་རྫས"འོས་སྦྱོར་དང་། འཐེན་ཐུག་ལག་རྩལ་འགྲེམ་སྟོན། ཀྲུང་ལུགས་བོད་ལུགས་གསོ་རིག་ཉམས་ལེན་དང་མི་རིགས་ཀྱི་འབྲེལ་གསུམ་སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ལུས་རྩལ་པ་དང་སྐར་ཆེན། ཤན་འབྱེད་པ་བཅས་ཁ་གཏད་རོགས་སྐྱོར་སློབ་གྲྭར་བསྐྱོད་དེ་འབྲེལ་འདྲིས་བྱ་རྒྱུ་རེད།
འགོ་རྩོམ་མཛད་སྒོ་འགོ་མ་བརྩམས་གོང་དུ་སྐོར་ཐེངས་དྲུག་པའི་མཚོ་སྔོན་རོགས་སྐྱོར་ཚོགས་པའི་གླུ་གཞས་སྤེལ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཞིང་ཆེན་ཐད་གཏོགས་སྡེ་ཁག་དང་མཚོ་སྔོན་ལ་རོགས་སྐྱོརབཀོད་འདོམས་པུའུ་སོ་སོ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། སྐོར་ཐེངས་དྲུག་པའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་འཇོན་མིའི་འཐུས་ཚབ། རྐང་གྲུག་ལས་རིགས་ཀྱི་སྐད་གྲགས་ཅན་གྱི་མི་སྣ་དག་ཞུགས་ཡོད།