
ཉེ་ལམ། རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་གསར་སྒྲིག《ཁ་བའི་འདབ་མ་གཅིག་གི་འུར་ཟིང》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པའི་གསར་འགྱུར་ཐོན་འདུག འདི་ནི་རྩོམ་པ་པོ་ཁོང་གིས2018ལོར《གཉིད་དུ་ཡུར་བའི་ཆུ》ཞེས་པའི་སྒྲུང་གཏམ་ཕྱོགས་སྒྲིག་པར་སྐྲུན་བྱས་ཏེ་ལོ་བརྒྱད་ཙམ་འགོར་བའི་རྗེས་ནས་སླར་ཡང་བོད་ཀྱི་རྩོམ་སྟེགས་སུ་བཀྲམ་པའི་གྲུབ་འབྲས་ཤིག་རེད། དེ་ནི་ཡུན་རིང་བོར་བསྲེགས་བཅད་བརྡར་བའི་གསེར་བཞིན་རྩོམ་མཁན་ཁོང་གིས་རྩོམ་རིག་གསར་རྩོམ་གྱི་ལམ་ཀ་ནས་གོམ་པ་བརྟན་བརླིང་དང་། ངང་རྒྱུད་རིང་པོ། མནོ་བསམ་གཏིང་ཟབ། སེམས་ཁམས་ཞི་ལྷོད་སོགས་ལ་བརྟེན་ནས་གསར་རྩོམ་ལ་མུ་ནས་མུ་རུ་གཞོལ་བའི་གྲུབ་འབྲས་གསར་བ་འབའ་ཞིག་རེད།

དེ་ཡང་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱིས2010ལོར《ལམ་གྱི་ཉི་འོད》ཅེས་པའི་སྒྲུང་གཏམ་བསྡུས་དེབ་པར་སྐྲུན་བྱས་ཤིང་། 2018ལོར《གཉིད་དུ་ཡུར་བའི་ཆུ》ཞེས་པ་པར་དུ་བསྐྲུན། ད་ལོར《ཁ་བའི་འདབ་མ་གཅིག་གི་འུར་ཟིང》ཞེས་པའི་སྒྲུང་གཏམ་བསྡུས་དེབ་འདི་པར་སྐྲུན་བྱས་པས། ལྷ་སའི་སྐོར་གྱི་མུ་འབྲེལ་སྒྲུང་གཏམ་གསུམ་གཞི་ནས་ཆ་ཚང་གིས་ཀློག་མཁན་གྱི་སྤྱན་ལམ་དུ་བསྟར་འདུག་ཅིང་། ལོ་ཁ་ཤས་ཀྱི་ཡར་སྔོན་ལ་ཁོང་གིས་བཅར་འདྲི་ཞིག་ཏུ“ལོ་དུ་མ་རེའི་ནང་དུ་ལྷ་སའི་སྐོར་གྱི་སྒྲུང་གཏམ་རེ་འབྲི་རྒྱུ་ཡིན”ཟེར་བའི་ཁ་དན་ཡང་ལག་ལེན་དུ་འཁྱོལ་འདུག ད་རེས་ཀྱི་དེབ་གསར་འདིར《ཁ་བའི་འདབ་མ་གཅིག་གི་འུར་ཟིང》ལས་གཞན་ད་དུང་ཁོང་གིས་ཉེ་བའི་ལོ་འགར་བརྩམས་པའི་སྒྲུང་གཏམ《མཐའ་མཇུག་གི་རྫི་བོ་ཚེས་གསུམ་ཚེ་རིང》དང་། 《རྒྱང་རིང་གི་ས་ཀུ་ར་རྗེ་མ》《དོང་ནང་དུ་མེ་ཏོག་གངས་ལྷ་རྐང་གཅིག་བཞད་འདུག》《ཁ་དམ》《རྨ་ཤུལ》《ལུང་བའི་ནང་བཞུར་འགྲོ་བའི་རླུང་ཆེན》སོགས་བསྡུས་འདུག རྒྱུས་ལོན་བྱུང་བ་ལྟར་ན། སྒྲུང་གཏམ་འདི་དག་ཉེ་བའི་ལོ་འགའི་རིང《སྦྲང་ཆར》དང་《ཟླ་ཟེར》《མི་རིགས་རྩོམ་རིག》སོགས་དུས་དེབ་ཁག་ཏུ་བཀོད་ཡོད་ཅིང་། ཀློག་མཁན་ལ་བག་ཆགས་དང་མཉམ་འུར་གང་མང་བྱུང་མྱོང་བའི་བརྩམས་ཆོས་ཧྲག་འདེམས་བྱས་པ་ཤ་སྟག་ཡིན་ལ། ཁོའི་གསར་རྩོམ་གྱི་ཆུ་ཚད་མཐོ་ཤོས་མཚོན་པའི་གྲུབ་འབྲས་གསར་བ་འབའ་ཞིག་རེད།

སྒྲུང་གཏམ་གསར་སྒྲིག་འདི་ལས། 《ཁ་བའི་འདབ་མ་གཅིག་གི་འུར་ཟིང》དུས་དེབ《སྦྲང་ཆར》དུ་བཀོད་རྗེས། 《མི་རིགས་རྩོམ་རིག》རྒྱ་ཡིག་པར་མར་རྒྱ་ཡིག་ཏུ་བསྒྱུར་ཏེ་བཀོད་པ་དང་། དུས་མཚུངས་སུ2025ལོའི《འབྲི་ཆུའི་རྩོམ་རིག》《长江文艺》ཟེར་བའི་རྒྱ་ཡིག་གི་དུས་དེབ་སྐད་གྲགས་ཅན་གྱིས་རྒྱལ་ཡོངས་ཀྱི་སྒྲུང་གཏམ་ལེགས་ཤོས་བདམས་སྒྲིག་བྱས་པའི་ཆེད་དེབ་ཏུ་བསྡུས་ནས་བརྒྱུད་འགོད་བྱས་ཤིང་། དུས་མཚུངས་སུ་ཉི་ཧོང་གི་སྐད་དུ་ཡང་བསྒྱུར། 《དོང་ནང་དུ་མེ་ཏོག་གངས་ལྷ་རྐང་གཅིག་བཞད་འདུག》ཅེས་པ་ནི། ཉི་ཧོང་གི་དུས་སྒྲོག་རིག་གནས་དཔེ་སྐྲུན་ཁང་གིས་ཨ་ཤེ་ཡའི་རྒྱལ་ཁབ་ཁག་གི་རྩོམ་མཁན་གྲགས་ཅན་བཅུ་གདན་དྲངས་ཏེ“འབྲེལ་གཅོད”ཟེར་བའི་བརྗོད་སྙིང་གཅིག་ལ་གཞོལ་ནས་སོ་སོའི་སྐད་ཡིག་གི་ལམ་ནས་སྒྲུང་གཏམ་བཅུ་བྲིས་ཏེ་པར་དུ་བསྐྲུན་པའི་འབྲས་བུ་ཞིག་ཡིན་ཞིང་། དེ་ཡང་སྔ་རྗེས་སུ་ཁོ་རེ་ཡ་དང་། ཡོ་ནན་སོགས་ཀྱི་ཡིག་རིགས་སུ་བསྒྱུར་ནས་པར་སྐྲུན་བྱས། 《མཐའ་མཇུག་གི་རྫི་བོ་ཚེས་གསུམ་ཚེ་རིང》དུས་དེབ《སྦྲང་ཆར》དུ་བཀོད་རྗེས། རྒྱ་ཡིག་ཏུ་བསྒྱུར་ནས《མི་རིགས་རྩོམ་རིག》ཏུ་བཀོད་ཅིང་། ལོ་དེར་ཀྲུང་གོའི་རྩོམ་པ་པོའི་དྲ་བས་“སྒྲུང་གཏམ་ཐུང་འབྲིང་གྲས་ལེགས་འདེམས”ཟེར་བ་ཞིག་ཏུ་བདམས་ཤིང་ལོ་དེའི་རྒྱལ་ཡོངས་ཀྱི་སྒྲུང་གཏམ་ལེགས་ཤོས14རུ་ཚུད་ནས་དེབ་གཟུགས་སུ་བསྐྲུན། 《རྨ་ཤུལ》ནི་ཉི་ཧོང་གི་དུས་དེབ་གྲགས་ཅན《རིག་རྩལ》ཞེས་པས་རྒྱལ་ཁབ་གསུམ་གྱི་རྩོམ་མཁན་གདན་དྲངས་ནས་“འཛམ་གླིང་རྩོམ་རིག་གིས་དམག་འཁྲུག་ལ་ངོ་རྒོལ་བྱེད་རྒྱུ་བརྗེད་མེད”ཟེར་བའི་བརྗོད་སྙིང་གཞིར་བཟུང་གིས་བསྒྲུབས་པའི་སྒྲུང་གཏམ་གྱི་ལེ་ཚན་ཞིག་ཏུ་བདམས། གྲུབ་འབྲས་འདི་དག་བརྒྱུད་ནས་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱིས་བོད་སྐད་ཡིག་ལ་རྩོམ་རིག་གི་སྲོག་ཞུགས་པར་བྱས་ཤིང་། དེའི་གསོན་སྟོབས་ཀྱང་འཛམ་གླིང་གི་མི་རིགས་གཞན་དང་སྐད་ཡིག་གཞན་གྱི་ཁྱབ་ཁོངས་སུ་ཡང་ཤུགས་ཚད་ངེས་ཅན་ཞིག་ཡོད་ཆོག་པ་ར་སྤྲོད་བྱས་འདུག

སྒྲུང་གཏམ་གསར་སྒྲིག་དེབ་འདིའི་ནང་གི་བརྩམས་ཆོས་དག་ལ་དེ་སྔར་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་དཔྱད་བརྗོད་པ་དང་ཀློག་མཁན་གྱིས་གདེང་འཇོག་མི་དམན་པ་ཐོབ་ཡོད། དེ་བས་ཀྱང་སྒྲུང་གཏམ་རེ་དུས་དེབ་ཏུ་སྤེལ་རྗེས་བོད་ཀྱི་ཀློག་མཁན་ཁྲོད་མཉམ་འུར་ཆེན་པོ་རེ་བྱུང་ཡོད་ཅིང་། དཔྱད་བརྗོད་པའི་སྡེ་ཡིས་ཡིག་ཐོག་དང་ངག་ཐོག་གང་རུང་བརྒྱུད་དེ་ཟུར་ངོས་མི་འདྲ་བ་ནས་དཔྱད་གླེང་གང་མང་བྱུང་ཡོད་ལ། དེ་ནི་དུས་རབས་ཉེར་གཅིག་པའི་ཚུན་དུ་བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་སུ་སྔར་མེད་པའི་སྣང་ཚུལ་མཚར་པོ་ཞིག་ཏུ་གྱུར་ཡོད། ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་བརྩམས་ཆོས་གང་ཡིན་རུང་རང་ཆས་སུ་མངའ་བའི་ཁྱད་གཤིས་གསལ་བོ་ཞིག་ལྡན་ཏེ། རྗོད་བྱེད་ཚིག་གི་ཆ་ནས་དུས་རབས་འདིའི་བོད་མིའི་ཕྱི་ནང་གསང་གསུམ་གྱི་ཚོར་བ་ཆུ་ལ་ཆུ་བཞག་གི་ཚུལ་གྱིས་མཚོན་པར་བྱེད་པའི་ཁྱད་ཆོས་དམིགས་བསལ་བ་ཞིག་འཛོམས་ཤིང་། བོད་སྐད་ཡིག་གི་མཚོན་སྟོབས་ལ་རལ་གྲིར་ངར་བླུད་པ་ལྟར་གྱི་བྱས་རྗེས་བཞག་ཡོད། སྒྲུང་གཏམ་གྱི་འབྲི་ཐབས་སོགས་ཀྱི་ཆ་ནས་ཀྱང་རྩོམ་མཁན་ཁོང་གིས་གཞན་དང་མི་མཚུངས་པའི་སྤྱི་ཁོག་འབེབས་སྟངས་དང་། སྒྲིག་གཞི་འཛུགས་སྟངས། མཁའ་དབུགས་བསྐྲུན་སྟངས། བྱུང་རིམ་འདེད་སྟངས་ཤིག་འཚོལ་ཅིང་སྙེག་ཡོད། གཞན་སྒྲུང་གཏམ་གྱི་བརྗོད་བྱ་དང་བརྗོད་སྙིང་གི་ཆ་ནས་ཀྱང་འགལ་འདུ་དང་། རྙོག་འཛིང་། རབ་རིབ། ཆོ་མེད། སྙིང་སྟོབས། རེ་བ་སོགས་ལྷུར་ལེན་བྱས་ནས། གཅིག་གཅོད་དང་སྟབས་བདེ། དཀར་ནག དབྱེ་མཚམས་སོགས་གསལ་བོར་སྟོན་པར་གོམས་པའི་བོད་ཀྱི་རྩོམ་རིག་ལ་འགྲོ་སྟངས་གསར་བ་ཞིག་གི་སྣེ་ཁྲིད་བྱས་ཡོད།

མདོར་ན། ལྷ་བྱམས་རྒྱལ་གྱིས་དུས་རབས་འདིར་བོད་སྐད་ཡིག་གི་རྩོམ་རིག་ལ་མཛེས་དཔྱོད་ཀྱི་རྣམ་པ་གསར་བ་ཞིག་བསྐྲུན་ཡོད་ཅིང་། དེ་ཡིས་སྐད་ཡིག་སྣ་མང་གི་ལམ་ནས་བརྩམས་ཆོས་སྣ་མང་གི་རྩལ་ཤུགས་ཉམས་སུ་མྱོང་ཐུབ་པའི་བོད་ཀྱི་ཀློག་པ་པོ་མང་པོ་ཞིག་སླར་ཡང་བོད་སྐད་རྣལ་མའི་བརྩམས་ཆོས་ཀྱི་ཕྱོགས་སུ་འགུག་པར་ནུས་པ་དཔེ་མེད་ཅིག་ཐོན་ཡོད་པ་རེད།

སྒྲུང་གཏམ་གསར་སྒྲིག་དེབ་འདི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་གྱི་འགན་བླངས་ཡོད་ཅིང་། ཉམས་མྱོང་གིས་ཕྱུག་པའི་རྩོམ་སྒྲིག་པ་རྒན་པ་སྟེ། སྦྲང་ཆར་དུས་དེབ་ཀྱི་གཙོ་སྒྲིག་པ་དཔལ་ལྡན་དང་རྩོམ་སྒྲིག་པ་ཆོས་སྐྱོང་རྣམ་གཉིས་ཀྱིས་ཇུས་འགོད་དང་རྩོམ་སྒྲིག་གནང་ཡོད། ད་ལྟའི་བར་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་སྐད་ཡིག་གི་བརྩམས་ཆོས་གང་མང་ཞིག་དཔར་སྐྲུན་འགྲེམ་སྤེལ་བྱས་ཤིང་། ཁ་ཤས་ཤིག་དཔེ་ཆའི་ཚོང་རར་ཤིན་ཏུ་བྲིན་པོ་བྱུང་སྟེ། བོད་ཀྱི་སྤྱི་ཚོགས་སུ་རིག་གནས་ཀྱི་འདུ་འགོད་ཡག་པོ་ཞིག་བསྐྲུན་ཡོད། ཐེངས་འདིར་པར་དུ་བསྐྲུན་པའི་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་གསར་སྒྲིག《ཁ་བའི་འདབ་མ་གཅིག་གི་འུར་ཟིང》ཞེས་པ་འདི་ཡང་། ལོ་རྒྱུས་རིང་པོ་ལྡན་པའི་རྩོམ་སྒྲིག་ཁང་འདིས་སྤྱི་ཚོགས་སུ་བསྟབས་པའི་རྩོམ་རིག་གི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཡིན་པར་ཡིད་ཆེས་ཡོད་ཅིང་། དེ་བས་ཀྱང་ལོ་འདིའི་ནང་ཚོང་ཁྲོམ་དུ་རྒྱུགས་ཆེ་ཞིང་ཤིན་ཏུ་བྲིན་པའི་དེབ་གསར་ཞིག་ཡིན་པར་དེ་བས་ཀྱང་ཡིད་ཆེས་ཡོད།

གཞན། སྒྲུང་གཏམ་གསར་སྒྲིག་དེབ་འདིའི་འགྲེམ་ཚོང་གི་ལས་དོན་བོད་ལྗོངས་ལྷ་སའི་ཤེས་བརྩོན་དཔེ་ཁང་གིས་ཡོངས་སུ་འགན་ལེན་གནང་ཡོད་པས། རྒྱ་ཆེའི་ཀློག་མཁན་དང་དཔེ་དེབ་ཚོང་ཁང་སོགས་ཀྱིས་གཤམ་གྱི་བཤེར་རིས་དང་ཁ་པར(139 8996 9597)སོགས་བརྒྱུད་ནས་དཔེ་ཁང་དེར་འབྲེལ་བ་གནང་སྟེ་མངགས་ཉོ་གནང་རོགས།

