ཉེ་ལམ། ཞིང་ལས་དང་ཞིང་སྡེ་པུས་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་མིང་གཞུང་ཁག་བརྒྱད་པ་ཡོངས་བསྒྲགས་བྱས་ལ། མཚོ་སྔོན་མདོ་ལ་རྩྭ་ཐང་གི་འབྲོག་ལས་མ་ལག་བདེ་བླག་ངང་བདམས་ཤིང་། དེ་ནི་མཚོ་བྱང་ཁུལ་མདོ་ལ་རྫོང་གིས་ཞིང་ལས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ཁྲོད་ཐོབ་པའི་ཚད་བརྒལ་གལ་ཆེན་ཞིག་ཡིན་པ་དང་། མདོ་ལ་རྫོང་གིས་ནོར་གནག་དང་མདོ་ལ་ལུག་གསོ་སྤེལ་ལྟེ་བར་བྱས་པའི་སྲོལ་རྒྱུན་གྱི་འབྲོག་ལས་རིག་གནས་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་ལ་རྒྱལ་ཁབ་རིམ་པའི་ཚད་མཐོའི་ཁས་ལེན་ཐོབ་པ་མཚོན་ཡོད།
མདོ་ལ་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དུ་གནས་ཤིང་། གངས་རི་དང་རྩྭ་ཐང་དུ་ཡུན་རིང་གནས་པའི་རྩྭ་ཐང་གི་འབྲོག་ལས་དཔལ་ཡོན་གསོ་སྐྱོང་བྱས་པ་དང་། མི་རིགས་མང་པོའི་བློ་གྲོས་ལས་མདོ་ལའི་ལུག་དང་མདོ་ལའི་ནོར་གནག་སོགས་སྤུས་ལེགས་ཕྱུགས་རིགས་གསོ་སྐྱོང་བྱས་ཡོད་ལ། ལུག་གི་རྒྱུད་འཛིན་སྣ་མང་དང་ཤ་རྒྱུ་ལེགས་པ། ནོར་གནག་གི་འཕྲོད་ནུས་ཆེ་བ་དང་ཤ་ཐོན་ཚད་མངོན་གསལ་ལྡན། ད་ལྟ་འབྲོག་པ90%གཏན་སྡོད་བྱས་ཀྱང་གནས་སྤོ་བའི་སྲོལ་རྒྱུན་སྔར་བཞིན་སོར་འཇོག་བྱས་ཡོད། ཨ་རིག་གླུ་ཤགས་དེ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། མདོ་ལའི་ལུག་ལ་རྒྱལ་ཁབ་ཀྱི་སྐྱེ་ལྡན་ཁས་ལེན་ཐོབ་ནས་རྒྱལ་ཡོངས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་དུ་ཚུད་པ། 2025ལོར་ལུག་ཁྲི84.17ཡོད་པ་དང་། བཤས་གཏོང་ཚད་ཁྲི38.84ལ་སླེབས་ནས་འབྲོག་པའི་འབབ་འཕར་གྱི“གསེར་གྱི་ལྡེ་མིག”ཏུ་གྱུར་ཡོད།
ད་ལོ་ནས་བཟུང་། མདོ་ལ་རྫོང་གིས“སྲུང་སྐྱོང་སྔོན་མར་འཛིན། བེད་སྤྱོད་ལུགས་དང་མཐུན། འཕེལ་རྒྱས་རྒྱུན་འཛིན་བྱེད”ཅེས་པའི་རྩ་དོན་རྒྱུད་མཐུད་ངང་རྒྱུན་འཁྱོངས་བྱས་ཏེ། ཐབས་མང་མཉམ་སྤྱོད་སྒོས་རྩྭ་ཐང་གི་འབྲོག་ལས་མ་ལག་སྲུང་སྐྱོང་དང་གསོན་སྒྱུར་ལ་སྐུལ་འདེད་བཏང་། མདོ་ལ་ལུག་དང་མདོ་ལ་ནོར་གནག་གི་རྒྱུད་སྤུས་ཐོན་ཁོངས་ཀྱི་སྲུང་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ་བརྒྱུད། ལྟེ་བའི་སྲུང་སྐྱོང་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས་ནས་རྒྱུད་སྤུས་དག་ཚད་སྲུང་སྐྱོང་བྱེད་པ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ལ་ཤུགས་སྣོན་རྒྱག་པ། རྩྭ་བཀག་རྩྭ་བསྙལ་དང་རྩྭ་ཕྱུགས་དོ་སྙོམས་སོགས་སྐྱེ་ཁམས་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱས་ཏེ། མདོ་ལ་ལུག་དང་མདོ་ལ་ནོར་གནག་གསོ་སྤེལ་ལ་སྐྱེ་ཁམས་རྨང་གཞི་ལེགས་པོ་མཁོ་འདོན་བྱས། འབྲོག་པའི་རིག་གནས་ཀྱི་དོན་སྙིང་སྔོག་འདོན་བྱས་པ་བརྒྱུད་མདོ་ལ་ལུག་དང་མདོ་ལ་ནོར་གནག་གསོ་སྤེལ་ལག་རྩལ་རྒྱུན་འཛིན་དང་སྐྱེ་ཁམས་གནས་སྐོར། ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ལས་སྣོན་སོགས་ཐོན་ལས་ཟུང་འབྲེལ་གཏིང་ཟབ་བྱས་ཏེ། ཁྱད་ལྡན་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱས་ནས་དེང་རབས་སུ་སྲོལ་རྒྱུན་ཞིང་ལས་རིག་གནས་ཤུལ་བཞག་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་བ་འཕེལ་བར་བྱས།
མདོ་ལ་རྫོང་གིས་ཐེངས་འདིར་བདམས་ཐོན་བྱུང་བ་དེ་གོ་སྐབས་སུ་བྱས་ནས་ཞིང་ལས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འབྲེལ་ཡོད་བླང་བྱ་ནན་ཏན་གྱིས་གཞིར་བཟུང་སྟེ། སྲུང་སྐྱོང་འཆར་འགོད་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྲུང་སྐྱོང་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་རྒྱུན་འཛིན་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མདོ་ལ་རྩྭ་ཐང་འབྲོག་པའི་རིག་གནས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། ཤུལ་བཞག་གི་མང་གྲགས་ཁྱབ་ཚད་དང་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་བཏང་སྟེ། རིན་ཐང་ཆེ་བའི་ཞིང་ལས་རིག་གནས་ཤུལ་བཞག་དེ་རྒྱུན་མཐུད་རྒྱུན་འཛིན་ཐུབ་ནས་གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད།