གསེར་མདོག་གི་འབྲས་བུ་སྨིན་པའི་སྟོན་དུས་སུ་མདའ་བཞི་རྫོང་གིས་ལོ་ལེགས་བསྡུ་བའི་མགོ་དངོས་སུ་བརྩམས་ཤིང་། མཁར་ཟུར་གསུམ་གྲོང་རྡལ་མཁར་ཟུར་གསུམ་སྡེ་བ་དང་གསེར་ཐང་ཡུལ་ཚོ་ཡུའེ་ཧྥེང་སྡེ་བར་ད་ལོའི་ཞོག་ཁོག་གི་ཐོན་འབབ་ལེགས་པོ་བྱུང་བ་དང་། མདའ་བཞི་རྫོང་ཡོངས་ཀྱི་གཟན་རྩྭ་བརྔ་བསྡུ་གསོག་འཇོག་བྱ་བ་ཡང་དུས་མཉམ་དུ་སྤེལ་བཞིན་ཡོད་པས་གང་སར་འབྲུ་ལ་ལོ་ལེགས་བྱུང་ཞིང་ལས་རིགས་དར་ཞིང་རྒྱས་པའི་རྣམ་པ་མངོན།
མཁར་ཟུར་གསུམ་སྡེ་བས་ཐུན་མོང་འདེབས་འཛུགས་བྱས་པའི་ཞོག་ཁོག་གཅིག་བསྡུས་ཀྱིས་བསྡུ་བ་དང་ལྗང་མདོག་འདེབས་འཛུགས་བྱེད་སྟངས་སྤྱད་དེ་ཐོབ་པའི་ཞོག་ཁོག་སྡེ་ཁུལ་གྱི་བདེ་སྐྱིད་ཟ་ཁང་ལ་མཁོ་སྤྲོད་བྱས་ནས། ཟ་ཁང་གི་ཉོ་སྒྲུབ་འགྲོ་གྲོན་དམའ་རུ་བཏང་བ་དང་རྒན་རྒོན་ཚོར་ཟས་རིགས་བདེ་འཇགས་ཡོང་བར་འགན་ལེན་བྱས་ཤིང་། དཔལ་འབྱོར་གྱི་ཡོང་འབབ་དངོས་མི་དམངས་ཀྱི་འཚོ་བའི་ཐད་སྤྱོད་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱུང་། གསེར་ཐང་ཡུལ་ཚོ་ཡུའེ་ཧྥུང་སྡེ་བའི་ཞོག་ཁོག་ལ་ལོ་ལེགས་བྱུང་བ་ནི་མཐོ་སྒང་གི་རང་བྱུང་ཆ་རྐྱེན་བཟང་བོ་ལས་བྱུང་བ་ཡིན་ལ། ཞོག་ཁོག་གི་སྤུས་ཀ་ལེགས་ཤིང་ཐོན་འབབ་བཟང་། ཞིང་བ་ཚོས་ཞོག་ཁོག་སྐོར་ཞིག་རང་གིས་ཟ་བ་དང་སྐོར་ཞིག་ཚོང་རར་བཙོང་ནས་ཡོང་སྒོ་འཕར་སྣོན་བྱས་ཤིང་ཞོག་ཁོག་ཆུང་ཆུང་དེ་དག་མང་ཚོགས་ཕྱུག་འགྱུར་གྱི་ཐོན་རྫས་གལ་ཆེན་དུ་གྱུར།
དུས་མཚུངས་སུ་མདའ་བཞི་རྫོང་ཡོངས་སུ་གཟན་རྩྭར་ལོ་ལེགས་བྱུང་བ་དང་འཕྲུལ་ཆས་ཀྱིས་བྲེགས་ནས་བསྡམས་པའི་ལས་ཀ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་ཅིང་། གཟན་རྩྭ་ཕུན་སུམ་ཚོགས་པོས་ནོར་གནག་དང་བོད་ལུག་གི་དགུན་དཔྱིད་དུས་ཀྱི་གཟན་རྩྭ་མཁོ་འདོན་ལ་འགན་ལེན་བྱས་པ་དང་རྩྭ་ཐང་དང་ཕྱུགས་ལས་ཟུང་འབྲེལ་གྱི་རྨང་གཞི་བརྟན་པོར་བཏང་།
ད་ལྟའི་ཆར་ཞོག་ཁོག་གིས་མང་ཚོགས་ལ་ཁེ་ཕན་བསྐྲུན་པ་དང་གཟན་རྩྭས་ཕྱུགས་ཟོག་སྲུང་སྐྱོབ་བྱ་རྒྱུར་ནུས་པ་ཆེན་པོ་འདོན་བཞིན་ཡོད། མ་འོངས་པར་མདའ་བཞི་རྫོང་གིས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཐོན་སྐྱེད་ནུས་ཤུགས་བརྟན་པོ་ཡོང་བ་དང་ཁེ་སྤོགས་རྒྱ་ཆེར་བསྐྱེད་དེ་དུས་རབས་གསར་པའི་གྲོང་གསེབ་དར་སྤེལ་གཏོང་བའི་རྩ་བ་སྔར་བས་སྲ་བརྟན་དུ་གཏང་རྒྱུ་རེད།