ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཚེས15ཉིན་པ་ཁུའུ་རུ་ཨེ་ཤ་ཡ་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་རྩེ་ཚོགས་ཐེངས་བདུན་པ་ལ་ཞུགས་ནས་གཏམ་བཤད་གནང་།
ཝང་དབྱིས་བསྟན་དོན། ཨེ་ཤ་ཡའི་མཉམ་ལས་ནི་ཨེ་ཤ་ཡའི་རྒྱལ་ཁབ་སོ་སོས་རང་འགུལ་ངང་སྤེལ་བ་དང་ལག་གདང་སྦྲེལ་ནས་འཛུགས་སྐྲུན་བྱས་པའི་གླིང་ཡོངས་རང་བཞིན་གྱི་གྲོས་མོལ་དང་མཉམ་ལས་སྟེགས་བུ་ཞིག་ཡིན། དབུ་བརྙེས་པ་ནས་བཟུང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཧུར་ཐག་སྒོས་དར་སྤེལ་བཏང་བ་དང་། ཡིད་ཆེས་བྱེད་སྒོའི་མཉམ་ལས་མ་ལག་ཅན་དུ་སྐུལ་འདེད་བཏང་ཞིང་། ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ལག་བསྟར་དང་བློ་བརྟན་འགྱུར་མེད་ཀྱིས་ཨེ་ཤ་ཡའི་ཞི་བདེ་དང་བདེ་འཇགས་ཐད་ཀྱི་ཡིད་ཆེས་རྨང་གཞི་བརྟན་པོ་བཙུགས་ཡོད། ཀྲུང་གོས་ཨ་སེ་པེ་ཅང་གིས་ཀྲུའུ་ཞིའི་འགན་འཁུར་བའི་རིང་ཨེ་ཤ་ཡའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང"སྔར་ལས་སྟོབས་ཆེ་བའི་ཨེ་ཤ་ཡ"བསྐྲུན་ཆེད་འབད་བརྩོན་བྱས་པ་དེར་ཚད་མཐོའི་གདེང་འཇོག་བྱེད་པ་མ་ཟད། མུ་མཐུད་དུ་རྒྱབ་སྐྱོར་ཆེན་པོ་བྱ་རྒྱུ་ཡིན་ལ། ཨེ་ཤ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་བརྒྱུད་རིམ་ཁྲོད་མུ་མཐུད་ཧུར་ཐག་གིས་ཞུགས་འདོད་ཡོད།
ཝང་དབྱིས་བཤད་རྒྱུར། ཨེ་ཤ་ཡར་འཛམ་གླིང་མི་འབོར60%འཚོ་སྡོད་བྱེད་བཞིན་ཡོད་པ་དེས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་འཕེལ་རྒྱས་ལ་སྣེ་ཁྲིད་མྱོང་ཡོད་ལ། མཚམས་རེར་རྗེས་ལུས་ཀྱང་ཐེབས་མྱོང་། ཨེ་ཤ་ཡའི་མི་དམངས་རྣམས་ཆེས་དགའ་ས་ནི་ཞི་བདེ་ཡིན་པ་དང་རེ་སྒུག་བྱེད་ས་ཆེ་ཤོས་ནི་གོང་འཕེལ་ཡིན། དུས་རབས་འགྱུར་ལྡོག་མྱུར་པོ་འགྲོ་བཞིན་པ་འདིར་གདོང་ལེན་བྱེད་སྐབས། ཨེ་ཤ་ཡའི་རྒྱལ་ཁབ་སོ་སོས་ལས་དབང་གཅིག་མཐུན་ཚོགས་པ་གཏོད་དགོས་པ་དང་། ལོ་རྒྱུས་ཡང་དག་རྒྱུན་འཁྱོངས་དང་མཐུན་སྒྲིལ་མཉམ་ལས་བྱེད་དགོས་ཤིང་། དེ་ལྟར་བྱས་ཚེ་རླབས་རྩེར་ལངས་ཐུབ་པ་དང་ཉེན་ཁ་གོ་སྐབས་སུ་བསྒྱུར་ཐུབ་པ། མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གསར་གཏོད་བྱེད་ཐུབ།
ཝང་དབྱིས་གྲོས་གཞི་བཞི་བཏོན་པ་སྟེ།
གཅིག་ནི་ཐུན་མོང་ཐོག་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ཨེ་ཤ་ཡས་འཇམ་འཐབ་བསམ་བློ་མི་དགོས་ལ། དཔུང་ཤོག་ཁ་གཏད་དུ་གཏོང་བར་ཡང་དགའ་བསུ་མི་བྱེད། ཨེ་ཤ་ཡའི་གནད་དོན་མཐར་གཏུགས་ན་ཨེ་ཤ་ཡའི་མི་དམངས་རང་ཉིད་ཀྱིས་མཐུན་སྒྲིལ་མཉམ་ལས་བརྒྱུད་ཐག་གཅོད་བྱེད་དགོས་པ་དང་། ཨེ་ཤ་ཡའི་བདེ་འཇགས་མཐར་ཐུག་ཏུ་ཐུན་མོང་དང་ཕྱོགས་བསྡུས་མཉམ་ལས་རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་ཐག་གཅོད་བྱེད་དགོས།
གཉིས་ནི་ཐུན་མོང་དར་རྒྱས་ཡོང་བར་སྐུལ་མ་གཏོང་དགོས། འཕེལ་རྒྱས་ནི་གནད་དོན་ཐམས་ཅད་སེལ་བའི་ལྡེ་མིག་ལྟ་བུ་ཡིན།"རྒྱུད་གཅིག་ལམ་གཅིག"སྤུས་ཚད་མཐོ་བས་བསྐྲུན་པ་དེ་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་འཆར་གཞི་དང་འབྲེལ་མཐུད་དམ་ཟབ་བྱེད་པ་དང་། སྒོ་འབྱེད་ཁོར་ཡུག་སྲུང་སྐྱོབ་བྱེད་པ། ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་སྐྱེལ་འདྲེན་བགྲོད་ལམ་བརྟན་བརླིང་ཕན་ནུས་ཆེ་བ་འགན་སྲུང་བྱེད་པ། རྒྱུ་ཆ་གཙོ་བོ་གལ་ཆེན་དང་ནུས་ཁུངས་ཐོན་ཁུངས། འབྲུ་རིགས་མཁོ་སྤྲོད་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། ཨེ་ཤ་ཡའི་རྒྱལ་ཁབ་སོ་སོ་མཉམ་འབྲེལ་གྱིས་དེང་རབས་ཅན་དུ་བསྐྱོད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས།
གསུམ་ནི་ཤེས་རིག་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས། ཨེ་ཤ་ཡ་ནི་དཔལ་ཡོན་སྣ་མང་ཕུན་སུམ་ཚོགས་བའི་གླིང་ཆེན་ཞིག་ཡིན། ཞི་བདེ་དང་མཉམ་ལས། སྒོ་འབྱེད། ཁོང་ཡངས་བཅས་ལྟེ་བར་འཛིན་པའི་ཨེ་ཤ་ཡའི་རིན་ཐང་ལྟ་བ་མཐའ་གཅིག་ཏུ་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་སོ་སོས་བདམས་པའི་འཕེལ་རྒྱས་ལམ་བུ་དང་བཅོས་སྐྱོང་བྱེད་སྟངས་ལ་བརྩི་བཀུར་བྱེད་པ། རིག་གནས་དང་ཡུལ་སྐོར། འཕྲོད་བསྟེན། བུད་མེད། ན་གཞོན། གསར་འགྱུར་སྨྱན་སྦྱོར། རིག་མཛོད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་སྤེལ་བ། དམངས་ཁྲོད་འགྲོ་འོང་དང་མི་སེམས་གཅིག་ཏུ་སྒྲིལ་བར་སྐུལ་འདེད་བཏང་སྟེ། དཔལ་ཡོན་སྣ་ཚོགས་བསྡུ་ལེན་མཉམ་སྤྱོད་དང་མེ་ཏོག་སྣ་བརྒྱ་བཞད་པར་བྱེད་དགོས།
བཞི་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་བྱེད་ནུས་སླར་གསོ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་འབྲེལ་བ་གཞི་རྩའི་ཚད་གཞི་བརྩི་སྲུང་ཞུ་བ། གྲངས་ཀའི་དོ་དམ་དང་གནོད་འཚེ་སྔོན་འགོག སྤྱི་པའི་འཕྲོད་བསྟེན་ནུས་པ་མཐོར་འདེགས་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ཕན་འབྲས་མཐོ་བ་དང་ཁོག་རྒྱ་ཡངས་པ་དང་ལྡེམ་ཤུགས་ལྡན་པ་བཅས་ཀྱི་ཨེ་ཤ་ཡའི་བཅོས་སྐྱོང་མ་ལག་མཉམ་དུ་འཛུགས་སྐྲུན་བྱེད་དགོས།
ཝང་དབྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ“མགོ་ཚུགས་པའི་ལོ་ཡིན། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བ་དེས་རྒྱལ་སྤྱིའི་གནས་བབ་ལ་བརྟན་བརླིང་སྔར་བས་མང་བ་མཁོ་འདོན་བྱེད་པ་དང་། གོ་ལ་ཧྲིལ་པོར་སྒུལ་ཤུགས་དྲག་པོ་སྣོན་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་ངོས་འཛིན་གཅིག་གྱུར་ཡོང་བ་དང་མཉམ་ལས་ཟབ་སྤེལ་བྱས་ཏེ། ཞི་བདེ་བརྟན་ལྷིང་དང་དར་རྒྱས། སྒོ་འབྱེད་ཁོང་ཡངས་བཅས་ལྡན་པའི་ཨེ་ཤ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་དུ་སྟོབས་ཤུགས་གསར་པ་འབུལ་འདོད་ཡོད།
ཨ་སེ་པའེ་ཅང་གི་སྲིད་འཛིན་ཨ་ལི་ཡེ་ཧྥུས་རེས་འཁོར་ཀྲུའུ་ཞི་འགན་ཁུར་བའི་དུས་ཡུན་ལོ་གཉིས་རིང་བསྒྲུབས་པའི་ལས་དོན་ངོ་སྤྲོད་གནང་བ་མ་ཟད་མཉམ་ལས་གྲོས་གཞི་ཡང་བཏོན་ཡོད། ཕྱོགས་སོ་སོས་ས་ཁུལ་དེའི་བདེ་འཇགས་དང་འཕེལ་རྒྱས་དུས་བབ་སྐོར་དང་ཡིད་ཆེས་བྱ་ཐབས་དོན་འཁྱོལ་བྱེད་ཕྱོགས་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཚང་མས་ཨེ་ཤ་ཡའི་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཕྱོགས་མང་རིང་ལུགས་ལག་བསྟར་དང་མཐུན་སྒྲིལ་མཉམ་ལས་ཤུགས་སྣོན་པ། འགྲན་སློང་མཉམ་དུ་བསུ་བ་བཅས་བྱས་ཏེ། ལྷོ་ཕྱོགས་རྒྱལ་ཁབ་ཕལ་པའི་ཁེ་ཕན་བཟང་པོ་སྲུང་བ་དང་ཨེ་ཤ་ཡ་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས།
ཚོགས་འདུ་མཇུག་བསྒྲིལ་སྐབས《ཨེ་ཤ་ཡ་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་རྩེ་ཚོགས་ཐེངས་བདུན་པའི་བསྒྲགས་གཏམ》ཞེས་པ་ཁྱབ་བསྒྲགས་བྱས།
ཚོགས་འདུའི་གོ་རིམ་ཁྲོད། ཝང་དབྱི་ཡིས་ད་དུང་དབྱི་སི་རལ་གྱི་སྲིད་འཛིན་ཧེར་ཙོ་ཀེ་དང་ཨུ་རུ་སུ་ཕྱི་སྲིད་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ། པཱ་ལིན་ཕྱི་འབྲེལ་བློན་ཆེན་ཀྲ་ཡེ་ཉི། ཐུར་ཁེ་ཕྱི་སྲིད་བློན་ཆེན་ཧྥེ་ཏན། ཕ་ལེ་སི་ཐན་ཕྱི་སྲིད་བློན་ཆེན་ཧྥ་ཨར་སིན་བཅས་པ་རེ་རེ་བཞིན་ཐུག་འཛོམས་གནང་བ་དང་། རྒྱལ་ཁབ་དེ་དག་གི་མགོ་ཁྲིད་མི་སྣ་རྣམས་དང་མཛའ་མཐུན་གླེང་མོལ་བྱས། །