མཚོ་སྔོན་གྱི་ས་ཁོངས་ཡོངས་ཀྱི་འགལ་བ་དང་རྩོད་གཞི་སེལ་བའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་ཕྱིན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁུལ་དང་ཞིང་ལས་ས་ཁུལ། འབྲོག་ཁུལ་བཅས་ཀྱི་བཅོས་སྐྱོང་ཁྱད་ཆོས་མི་འདྲ་བར་གཞིགས་ནས་རིགས་དགར་ཏེ། འདུམ་འགྲིག་ཞབས་ཞུའི“དྲ་བ་གསུམ”བཙུགས་པ་དང་། ཁུལ་ཁོངས་དགར་ནས་སྲིད་ཇུས་ལག་བསྟར་བྱེད་པ། སོ་སོར་གཙོ་གནད་ཡོད་པ། ས་ཁོངས་ཡོངས་ལ་ཁྱབ་པ་བཅས་ཀྱི་འགལ་བ་དང་རྩོད་གཞི་འདུམ་འགྲིག་ལས་ཀའི་མ་ལག་བཙུགས་ཡོད།

གྲོང་ཁུལ་གྱི་འདུམ་འགྲིག་ཞབས་ཞུའི་དྲ་བ་འཛུགས་སྐྲུན་བྱེད་པའི་སྐབས་སུ། རྫོང་རིམ་པའི“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བཅས་གཞི་གཅིག་ཅན་གྱི་སྒོ་ནས་འཁོར་སྐྱོད་བྱེད་པ་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བཏང་བ་དང་། འདུམ་འགྲིག་རྩ་འཛུགས་དང་འདུམ་འགྲིག་སྟོབས་ཤུགས་སྣ་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་གཞི་རིམ་གྱི་དྲ་མིག་ཅན་གྱི་བཅོས་སྐྱོང་མ་ལག་ནང་ཟབ་ཞུགས་ཡོང་བར་འབད་དེ། འགལ་བ་དང་རྩོད་གཞི་སེལ་བའི་ལས་ཀའི་སྒྲིལ་ཤུགས་གྲུབ་པར་བྱས་ཡོད།

ཞིང་ལས་ས་ཁུལ་གྱི་འདུམ་འགྲིག་ཞབས་ཞུའི་དྲ་བ་འཛུགས་སྐྲུན་བྱེད་པའི་རིང་ལ། ཞང་དང་གྲོང་རྡལ་གྱི“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་དང་། ཞང་དང་གྲོང་རྡལ་གྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་ལ་གཙོ་གནད་ཤུགས་བསྣན་ནས། སྡོད་དམངས་ཨུ་ཡོན་ལྷན་ཁང་གི་འདུམ་འགྲིག་རྩ་འཛུགས་ཚད་ལྡན་དུ་བཏང་བ་དང་། “མི་སྒེར་གྱི་སྤུས་རྟགས་འདུམ་འགྲིག་ཁང”འཛུགས་རྒྱུར་སྐུལ་མ་བཏང་བའི་དུས་མཚུངས་སུ། ཞིང་ལས་ས་ཁུལ་བཅོས་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྡེ་བའི་ལས་བྱེད་པ་དང་ཏང་ཡོན་རྒན་པ། ཞང་གི་ནུས་པ་ཅན། དྲ་མིག་ཅན་གྱི་ལས་སྒྲུབ་མི་སྣ། ཁྲིམས་ཤེས་མཁན་བཅས་བསྡུ་ལེན་བྱས་ཏེ། འགལ་བ་དང་རྩོད་གཞི་སེལ་བའི་རུ་ཁག་སྔར་ལས་འཛོམས་པོ་ཡོང་བར་བྱས།

འབྲོག་ཁུལ་གྱི་འདུམ་འགྲིག་ཞབས་ཞུའི་དྲ་བ་འཛུགས་སྐྲུན་བྱེད་པའི་རིང་ལ། ས་ཆ་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང་སྐད་བརྡ་དམིགས་བསལ་ཡིན་པ། རྩྭ་སའི་རྩོད་གཞི་འབྱུང་སླ་བ་དང་འབྱུང་ཐེངས་མང་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། སྐད་གཉིས་འདུམ་འགྲིག་རྐང་འཛིན་མི་སྣ་དང་བཅའ་ཁྲིམས་ཞབས་ཞུ་མི་སྣ་གཙོ་གནད་སྒོས་གསོ་སྐྱོང་དང་འཛུགས་སྐྱོང་བྱས་ཏེ། རྟ་གོང་གི་འདུམ་འགྲིག་དང་གུར་ནང་གི་འདུམ་འགྲིག སྐོར་སྐྱོད་འདུམ་འགྲིག་སོགས་འབྲོག་ཁུལ་གྱི་དོན་དངོས་དང་འཚམ་པའི་ཁྱད་ལྡན་འདུམ་འགྲིག་བྱེད་སྟངས་ཁྱབ་གདལ་དུ་བཏང་ནས། འདུམ་འགྲིག་དཔུང་སྡེ་ཡིས་འབྲོག་ཁུལ་ཏུ་སྐོར་སྐྱོད་འདུམ་འགྲིག་བྱས་པ་བརྒྱུད། འབྲོག་ཁུལ་གྱི་འདུམ་འགྲིག་ཞབས་ཞུ་ཡོངས་སུ་ཁེབས་པར་བྱས།

ངོ་སྤྲོད་བྱས་པ་ལྟར་ན། གྲོང་ཁུལ་དང་ཞིང་ལས་ས་ཁུལ། འབྲོག་ཁུལ་བཅས་ཀྱི“ཞབས་ཞུའི་དྲ་བ”གསུམ་རྒྱུན་མཐུད་ངང་བཙུགས་པ་བརྒྱུད། འགལ་བ་དང་རྩོད་གཞི་སེལ་བའི་ལས་དོན་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད། 2026ལོའི་ཟླ9པའི་ཟླ་མཇུག་བར་དུ། ཞིང་ཆེན་ ཡོངས་སུ་རིམ་རྩིས་བྱས་ན་གྱོད་དོན་དང་རྩོད་གཞི་ཉིས་ཁྲི་བརྒྱད་སྟོང་ལྷག་འདུམ་འགྲིག་བྱས་པ་དང་། འདུམ་འགྲིག་ལེགས་གྲུབ་བྱུང་ཚད99%ཡན་རྒྱུན་འཁྱོངས་ཐུབ་ཡོད་ལ། འགལ་བ་དང་རྩོད་གཞི་ཐེངས་ཆིག་འབུམ་ལྔ་ཁྲི་ལྷག་གྲལ་བཤེར་བྱས་པ་མ་ཟད། འགལ་བ་དང་རྩོད་གཞི610ལྷག་གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བ་དང་། འགལ་བ་དང་རྩོད་གཞི500ལྷག་སྔོན་འགོག་བྱས་པར་བརྟེན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།