ཟླ10པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་གཏམ་བཟང་ཞིག་འབྱོར་བྱུང་། ཉེ་ལམ། ཞིང་ལས་དང་གྲོང་གསེབ་པུའུ་དང་རིག་གནས་དང་ཡུལ་སྐོར་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བདུན་གྱིས་མཉམ་འབྲེལ་སྒོས་ཡིག་ཆ་བཏོན་ཏེ། 2026ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ལག་ཤེས་དགེ་རྒན་གྲགས་ཅན་གྱི་མིང་ཐོ་ཁྱབ་སྒྲོག་བྱས། རང་རེའི་ཞིང་ཆེན་ནས་ཡོང་བའི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་བོད་རིགས་ཐང་གའི(དཔའ་ལུང་ཐང་ག)ཞིང་ཆེན་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་དགེ་འདུན་ཚེ་རིང་རྒྱལ་ཡོངས་གྲོང་གསེབ་ཀྱི་ལག་ཤེས་དགེ་རྒན་གྲགས་ཅན་གྱི་དྲིལ་སྒྲོག་བྱ་ཡུལ་དུ་བདམས་པ་དང་། རྒྱལ་ཡོངས་སུ་བདམས་ཐོན་བྱུང་བའི་མི10ལས་མེད།
དགེ་འདུན་ཚེ་རིང་སྒྱུ་རྩལ་གྱི་ལམ་ཁར་ཞུགས་ནས་མི་ལོ་ཉི་ཤུ་རྩ་དགུ་འདས་རྗེས། དཔའ་ལུང་ཐང་གའི་ལག་རྩལ་རྒྱུན་འཛིན་གསར་གཏོད་སྔར་ལས་གང་ལེགས་བྱས་པ་དང་། སྲོལ་རྒྱུན་གྱི་ལག་རྩལ་ནན་སྲུང་བྱས་པའི་རྨང་གཞིའི་སྟེང་། ཁོས་བློ་སྤོབས་ཆེན་པོས་སྒྱུ་རྩལ་མཚོན་བྱེད་ཀྱི་གཞི་རྟེན་གསར་པ་འཚོལ་ཞིབ་བྱས་ཏེ། རང་བྱུང་བྱང་ཆུབ་ལོ་མ་རི་མོའི་རས་སུ་བྱས་ནས་བརྩམས་ཆོས་གསར་རྩོམ་བྱས་པར། ཀྲུང་གོའི་དམངས་ཁྲོད་རིག་རྩལ་སྐབས་བཅུ་བདུན་པའི་རི་སྐྱེས་མེ་ཏོག་བྱ་དགའ་དང་། ཕུལ་བྱུང་དམངས་ཁྲོད་བཟོ་རྩལ་མཛེས་རྩལ་བརྩམས་ཆོས་བྱ་དགའ་ཐོབ་པར་མ་ཟད། 2025ལོའི་ཀྲུང་གོའི་གཟུགས་འདས་རིག་གནས་ཤུལ་བཞག་ལོ་འཁོར་གྱི་མིང་འདོན་གསར་འགྱུར་མི་སྣའི་གྲས་སུ་ཚུད་པ་ལས་གཞན། 2025ལོའི་རྒྱལ་ཡོངས་དམངས་ཁྲོད་རིག་རྩལ་ལས“གསར་གཏོད་གཉིས”ཀྱི་ལག་ལེན་དཔེ་མཚོན་གྱི་གྲས་སུ་ཚུད་ཡོད། ཁོ་རྒྱལ་ཡོངས་ས་གནས་ཁག་ཏུ་འགྲེམས་སྟོན་དང་འཁྲབ་སྟོན་ནང་ཐེངས་མང་ཞུགས་ནས། དཔའ་ལུང་ས་ཆའི་ཐང་ག་ཡི་ཤུགས་རྐྱེན་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། རེབ་གོང་སྒྱུ་རྩལ་ལ་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བར་མ་ཟད། སྒྱུ་རྩལ་ལག་ལེན་ལ་བརྟེན་ནས་མི་རིགས་སོ་སོའི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད།
དགེ་འདུན་ཚེ་རིང་གིས་བློ་རྩེ་གཅིག་སྒྲིམ་གྱིས་གསར་རྩོམ་བྱེད་པའི་དུས་མཚུངས་སུ། རོང་འབྲོག་མི་དམངས་ཀྱིས་རང་ཡུལ་གྱི་ཐག་ཉེ་ས་ནས་ཡོང་འབབ་འཕར་ནས་ཕྱུར་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས། དགེ་རྒན་གྲགས་ཅན་གྱི་ལས་དོན་ཁང་བཙུགས་པ་དང་ལས་ཞུགས་རོགས་སྐྱོར་འཁོར་ཁང་བསྐྲུན་པ། “དགེ་རྒན་གྲགས་ཅན་དང་། ལས་སྒྲུབ་ཁང་། འཁོར་ཁང་། ཞིང་ཁྱིམ”བཅས་ཀྱི་ཞིང་འབྲེལ་ཞིང་ཁྲིད་བྱེད་སྟངས་བསྐྲུན་ཏེ། གསོ་སྦྱོང་དང་ཐོན་སྐྱེད། ཕྱིར་ཚོང་བཅས་ཀྱི་འབྲེལ་ཐག་ཧྲིལ་པོ་ཤར་གཏོང་ཐུབ་པར་བྱས་པ་དང་། ལག་ཤེས་བཟོ་རྩལ་པ30ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ནས། མི་རེའི་ལོ་རེའི་ཡོང་འབབ་སྒོར་ཁྲི་གསུམ་ལས་བརྒལ་ཐུབ་པར་གྱུར་བ་དང་། རྟེན་གཞི་དེ་རྒྱུན་འཛིན་དང་ཞིབ་འཇུག སློབ་སྦྱོང་བཅས་ཀྱི་ལས་སྟེགས་ཤིག་ཏུ་གྱུར་ནས། རིམ་རྩིས་བྱས་ན་གསར་ཐོན་རི་མོ་བ300གསོ་སྐྱོང་བྱས་ཡོད། ད་ཐེངས་བདམས་ཐོན་བྱུང་བ་དེ་ནི་ཁོས་ལོ་བཅུ་ཕྲག་འགའི་རིང་ལག་ཤེས་པའི་བློ་རྩ་བརྟན་སྲུང་དང་སྒྱུ་རྩལ་གྱི་གྲུབ་འབྲས་ལ་ཁས་ལེན་ཆེན་པོ་བྱས་པ་ཞིག་ཡིན་པར་མ་ཟད། མཚོ་སྔོན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གིས་གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་བསྩལ་བའི་གཅིག་བསྡུས་མངོན་སྟངས་ཤིག་ཀྱང་ཡིན།