
ཟླ10པའི་ཚེས15ཉིན། ཀན་ལྷོ་མི་རིགས་དགེ་འོས་སློབ་གླིང་དང་བོད་ལྗོངས་སློབ་ཆེན་གྱིས་གཙོ་སྒྲུབ་བྱས་པའི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་འཐབ་ཇུས་ཐད་ཀྱི་ལོ་ལྔའི་འཆར་བཞི་བཅོ་ལྔ་པ་མགོ་རྩོམ་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་གཏོང་བའི་གཙོ་ཐིག་གིས་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག(བོད་ཀྱི་སྐད་ཡིག་རྩོམ་རིག)གི་རིག་ཚན་གཉེར་སྐྱོང་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་ཀན་ལྷོ་མི་རིགས་དགེ་འོས་སློབ་གླིང་ནས་སྤེལ། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། བོད་ལྗོངས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། སི་ཁྲོན་མི་རིགས་སློབ་གླིང་། རྔ་བ་དགེ་ཐོན་སློབ་གླིང་སོགས་རྒྱལ་ཡོངས་ཀྱི་མི་རིགས་སློབ་ཆེན་དུ་མ་ལས་ཕེབས་པའི་མགོ་ཁྲིད་དང་དགེ་རྒན་ཆེན་མོ། ཆེད་མཁས་པ་དང་རིག་གཞུང་ཞིབ་འཇུག་པ་བདུན་ཅུ་ལྷག་ཀན་ལྷོ་གཙོས་གྲོང་ཁྱེར་ནས་གདན་གཅིག་ཏུ་འཛོམས་ཏེ། རིག་ཚན་གསར་པ་འཛུགས་སྐྲུན་གྱི་བླང་བྱ་གཞི་རྟེན་དུ་བྱས་ཤིང་། བོད་ཀྱི་སྐད་ཡིག་རྩོམ་རིག་བསླབ་ཚན་གྱི་འཕེལ་རྒྱས་ཀྱི་གོ་སྐབས་དང་དཀའ་གནད་ལ་དམིགས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་གཏོང་བའི་གཙོ་ཐིག་གཞིར་བཟུང་ནས། བོད་ཀྱི་སྐད་ཡིག་རྩོམ་རིག་གི་རིག་ཚན་གྱི་ནང་དོན་གཉེར་སྐྱོང་དང་། མི་སྣ་གསོ་སྐྱོང་། ཁྲིད་ཚན་བཅོས་སྒྱུར། བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པའི་ཐབས་ལམ་སྐོར་ནས་བགྲོ་གླེང་བྱས།

མགོ་རྩོམ་མཛད་སྒོ་རུ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དང་བོད་ལྗོངས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཤིས་ཚིག་ཕུལ་ཞིང་། བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་དགོས་མཁོ་དང་བྱེད་ནུས། ཁྱད་ཆོས། སློབ་གྲྭའི་ལོ་རྒྱུས་དང་གྲུབ་འབྲས། སློབ་གྲྭའི་དབར་གྱི་མཉམ་ལས་དང་འབྲེལ་འདྲིས་སོགས་ཀྱི་ཕྱོགས་ནས་གཏམ་བཤད་སྤེལ།
བགྲོ་གླེང་གི་དངོས་གཞིའི་རིམ་པར། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་རེ་རེ་བཞིན་བརྗོད་དོན་གཏམ་བཤད་སྤེལ་ཞིང་། ཁོང་རྣམ་པས་ཆེད་ལས་ཀྱི་བྱང་ཚད་མཐོན་པོའི་སྒོ་ནས་སློབ་གྲྭ་སོ་སོའི་སློབ་སྒྲུབ་ཉམས་མྱོང་བརྗེ་རེས་དང་། ད་སྔའི་ཁྲིད་ཚན་གཉེར་སྐྱོང་ཐད་ཀྱི་ཞན་ཆ་དབྱེ་ཞིབ། བསླབ་ཚན་གྱི་གནས་སྟངས་ལེགས་བཅོས་དང་། ཁྲིད་ཚན་གྱི་མ་ལག་ལེགས་སྒྲིག ཁྲིད་གཞི་གསར་གཏོད། འཇོན་མི་གསོ་སྐྱོང་། རིག་གཞུང་ཞིབ་འཇུག་གི་གར་སྟེགས་མཉམ་སྐྲུན་མཉམ་སྤྱོད་སོགས་ཀྱི་ཐད་ནས་བསམ་ཚུལ་ལྷུག་པོར་བརྗོད་དེ། བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་རྒྱུན་འཛིན་དང་གསར་གཏོད་ཀྱི་ལམ་བུ་གསར་པ་འཚོལ་སྙེག་བྱས།

ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག་ལས་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་ལས་ནི་བོད་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཐེག་བྱེད་དང་རིག་གནས་ཀྱི་རྒྱུན་སྲིང་བྱེད། ཀྲུང་ཧྭའི་མི་རིགས་སོ་སོའི་རིག་གནས་སྦྲེལ་བྱེད་ཀྱི་རྨང་གཞིའི་རིག་ཚན་གཙོ་བོ་ཞིག་ཡིན་ཞིང་། མི་རིགས་སློབ་ཆེན་གྱིས་སློབ་སྒྲུབ་ཀྱི་ཁྱད་ཆོས་འབུར་དུ་གཏོད་ཅིང་མཐའ་མཚམས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་སྒྲུབ་པ། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་བྱེད་ཀྱི་རིག་ཚན་ཐུན་མོང་མ་ཡིན་པ་ཞིག་ཡིན། དུས་ཡུན་རིང་པོའི་ཁྲོད། རྒྱལ་ཡོངས་ཀྱི་མི་རིགས་སློབ་ཆེན་སོ་སོས་བོད་ཀྱི་སྐད་ཡིག་རྩོམ་རིག་གི་སློབ་གསོ་སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག དཔེ་རྙིང་བསྡུ་སྒྲིག རིག་རྩལ་གསར་རྩོམ། རིག་གནས་དྲིལ་སྒྲོག་བཅས་ཀྱི་ཐད་ལ་འབད་པ་བྱས་ཤིང་། འཇོན་མི་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག་གསར་གཏོད། རིག་གནས་རྒྱུན་འཛིན། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་ནས་འབྲས་བུ་གཡུར་དུ་ཟ་བ་བླངས་ཏེ། མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་དང་རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ་གོང་འཕེལ་གྱི་ལས་དོན་ཐད་བྱས་རྗེས་བླ་ན་མཐོ་བ་བཞག
ཐེངས་འདིའི་བགྲོ་གླེང་ཚོགས་འདུས་བོད་ཀྱི་སྐད་ཡིག་རྩོམ་རིག་རིག་ཚན་ལ་མཐུན་སྦྱོར་མཉམ་ལས་ཀྱི་གར་སྟེགས་ཤིག་བསྐྲུན་ཞིང་། རྒྱལ་ནང་གི་རིག་གཞུང་པའི་སྡེ་ཡིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་སློབ་གསོ་སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་མཉམ་དུ་རོལ་བར་མཐུན་རྐྱེན་སྦྱར་པར་མ་ཟད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག(བོད་ཀྱི་སྐད་ཡིག་རྩོམ་རིག)གི་རིག་ཚན་ཚད་ལྡན་ཅན་དང་ཁྱད་ཆོས་ཅན། ནང་དོན་ཅན། སྤུས་ལེགས་ཅན་དུ་འཕེལ་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཞེས་ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་འདི་ལྟར་མགྲིན་གཅིག་ཏུ་སྨྲས་སོ། །
སྔ་དྲོའི་བགྲོ་གླེང་གི་རིམ་པ་རྫོགས་རྗེས། ཚོགས་ཞུགས་ཆེད་མཁས་པ་རྣམས་ད་དུང་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་དཔེ་མཛོད་ཁང་དང་སློབ་གྲྭའི་ལོ་རྒྱུས་དྲན་རྟེན་ཁང་སོགས་སུ་བརྟག་དཔྱད་དུ་སོང་།

ཚོགས་ཞུགས་མི་སྣའི་མཉམ་པར།