མཐོ་སྒང་ས་ཁུལ་གྱི་སྡོད་དམངས་ཀྱི་ཟས་བཅུད་དང་འཕྲོད་བསྟེན་ལེགས་བཅོས་སྐོར་གྱི་བགྲོ་གླེང་ཚོགས་འདུ་འཚོགས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན། ཞིང་ལས་གྲོང་གསེབ་པུའུ་ཡི་ཟས་རིགས་དང་འཚོ་བཅུད་འཕེལ་རྒྱས་ཞིབ་འཇུག་ཁང་གིས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་མཉམ་དུ་ལྷ་ས་རུ་མཐོ་སྒང་ས་ཁུལ་གྱི་སྡོད་དམངས་ཀྱི་ཟས་བཅུད་དང་འཕྲོད་བསྟེན་ལེགས་བཅོས་སྐོར་གྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད། བགྲོ་གླེང་ཚོགས་འདུའི་སྟེང་མཐོ་སྒང་གི་སྡོད་དམངས་ཀྱི་ཟས་བཅུད་བདེ་ཐང་ཇེ་ལེགས་སུ་གཏོང་བར་དམིགས་ནས་ལས་དོན་གྲུབ་འབྲས་དང་ཉམས་མྱོང་ཁྱབ་སྤེལ། ད་ཡོད་ཀྱི་དཀའ་ངལ་དང་གནད་དོན་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་མ་ཟད། རྗེས་མའི་འཆར་འགོད་ཐད་ཀྱང་བསམ་ཚུལ་བརྗེ་རེས་བྱས།

ཚོགས་འདུས་བོད་ལྗོངས་ཀྱི་སྡོད་དམངས་ཀྱི་ཟས་བཅུད་བདེ་ཐང་ཇེ་ལེགས་སུ་གཏོང་བའི་ཆེད་དོན་གྱིས་མཉམ་ལས་བྱེད་སྟངས་བཙུགས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་བྱེད་པའི་བསམ་ཕྱོགས་ཆགས་པར་བྱས། དེ་བཞིན་སྙན་ཞུ་སྣ་ཚོགས་དང་ལམ་སྟོན་འཆར་གཞི་བཟོས་ཤིང་། ཐུན་མོང་ལག་རྩལ་གཙོ་བོ་གསར་སྤེལ་ཁྱབ་སྤེལ་བཏང་བ་དང་། གྲོང་ཚོ་ཧྲིལ་པོར་དཔེ་སྟོན་ཚོད་ལྟ་སྤེལ་བ་མ་ཟད་མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་ཡང་བཏང་བས། བསྐྱར་ཟློས་ཆོག་པ་དང་ཁྱབ་གདལ་གཏོང་ཐུབ་པའི་ཉམས་མྱོང་བཟང་པོ་ཐོབ་ཡོད་པ་ངོས་འཛིན་བྱས།

ཚོགས་ཞུགས་མི་སྣའི་འདོད་ཚུལ་ལྟར་ན། མཐོ་སྒང་གི་ཟས་བཅུད་བདེ་ཐང་ཇེ་ལེགས་སུ་གཏོང་བ་ནི་རྨང་གཞི་རང་བཞིན་དང་མ་ལག་རང་བཞིན། དུས་ཡུན་རིང་བོར་བསྒྲུབ་དགོས་པའི་ལས་དོན་ཞིག་ཡིན་པས། "ཟས་རིགས་ཀྱིས་འཚོ་བ་མཁོ་སྤྲོད་བྱེད་པ་དང་། འཚོ་བཅུད་ཀྱིས་ལུས་ཁམས་བདེ་བར་བྱེད་པ། ལུས་ཁམས་བདེ་ཐང་གིས་འཛད་སྤྱོད་ལ་སྣེ་ཁྲིད་བྱེད་པ། འཛད་སྤྱོད་ཀྱིས་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་པ། ཐོན་སྐྱེད་ཀྱིས་མཁོ་འདོན་འགན་ལེན་བྱེད་པའི"འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། གོང་འོག་མཐུན་སྦྱོར་གྱིས་ལག་བསྟར་བྱེད་པའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་རྒྱབ་སྐྱོར་དང་ཚན་ཞིབ་འགག་སྒྲོལ། མང་ཚོགས་ལ་ཤེས་བྱ་ཁྱབ་བསྒྲགས་བཅས་ཤུགས་སྣོན་བརྒྱབ་སྟེ། མཐོ་སྒང་མི་རིགས་སོ་སོའི་མི་དམངས་ཡོངས་ཀྱི་འཚོ་བཅུད་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

ཞིང་ལས་གྲོང་གསེབ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་ཨུ་ལྷན། བཟོ་ལས་ཆ་འཕྲིན་ཅན་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྣམས་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་རེད། སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན། ཞིན་ཅང་། བོད་ལྗོངས་སོགས་ཞིང་ཆེན་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་ལས་དོན་སྤེལ་རེས་བྱས་པ་དང་། སློབ་གྲྭ་ཆེན་མོ་དང་སྨན་ཁང་། ཞིང་ཕྱུགས་པ་སོགས་འཐུས་མི་སྐོར་ཞིག་བགྲོ་གླེང་ཁྲོད་ཞུགས་པ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།