ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་ཉེ་ཆར་ཕྱི་ཕྱོགས་སུ《ཞིང་ཆེན་རིམ་པའི་ཚན་རྩལ་མཐུན་ཚོགས་ཀྱི་ཚན་རྩལ་ཁྱབ་གདལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་ཚན་རྩལ་ཁྱབ་གདལ་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་ནས། ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྲིད་འཛིན་ཁུལ་གྱིས་བེད་མེད་དུ་ལུས་པའི་ས་ཆ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བེད་སྤྱོད་བྱས་ནས་ཚན་རྩལ་ཁང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ས་ཁུལ་དང་གྲོང་ཁྱེར་དུ་ཚན་རྩལ་ཁང་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱ་རྒྱུ་རེད།
གཞི་རིམ་གྱི་ཚན་རིག་ཁྱབ་གདལ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། ཚན་རིག་ཁྱབ་གདལ་ལས་ཀའི་མ་ལག་ཁྲོད་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ནུས་པར་ཤུགས་སྣོན་རྒྱག་ཆེད། བསམ་འཆར་ནང་སྤུས་ལེགས་ཚན་རིག་ཁྱབ་གདལ་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་ཁྱབ་གདལ་གཡུལ་སའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། གཞི་རིམ་གྱི་ཚན་རིག་ཁྱབ་གདལ་ཞབས་ཞུ་ཆེ་རུ་གཏོང་བ། ཚན་རིག་ཁྱབ་གདལ་རྩ་འཛུགས་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཚན་རིག་ཁྱབ་གདལ་ལས་དོན་འགན་སྲུང་ལ་ཤུགས་སྣོན་པ་སོགས་བྱེད་ཐབས17བཏོན་ཡོད།
དེའི་ཁྲོད། བསམ་འཆར་ནང་ཞིང་ཆེན་རིམ་པའི་ཚན་རྩལ་ཁང་གི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཞིང་ཆེན་རིམ་པའི་ཚན་རྩལ་ཁང་གི་གཅིག་གྱུར་འཆར་འགོད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་དབྱང་དང་ས་གནས་ཀྱི་ཐོན་ཁུངས་མཉམ་འགུལ་བྱེད་པ། གྲོང་ཁྱེར་དང་རྫོང་རིམ་པའི་ཚན་རྩལ་ཁང་གིས་འགྲེམས་སྟོན་དང་སློབ་ཞིབ་གཞི་གཅིག་ཅན་གྱི་ཐབས་ཇུས་ནུས་པ་ཐུན་མོང་ཐོག་ཆེ་རུ་གཏོང་དགོས། ས་གནས་ནོར་སྲིད་ཀྱི་ཚན་རྩལ་ཁང་འཛུགས་སྐྲུན་དང་གཉེར་སྐྱོང་ལ་མ་དངུལ་གཏོང་བའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཚན་རྩལ་ཁང་གི་རིན་མེད་སྒོ་འབྱེད་མ་དངུལ་ཚད་ལྡན་དུ་བཀོལ་སྤྱོད་བྱས་ཏེ། ཁེ་ལས་དང་ཐེབས་རྩ་ལྷན་ཚོགས་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལུས་རྩལ་ཁང་འཛུགས་སྐྲུན་དང་གཉེར་སྐྱོང་ལ་ཞུགས་པར་ཁྲིད་སྟོན་བྱེད་དགོས་པར་བཏོན་ཡོད།
བསམ་འཆར་ནང་། གསར་གཏོད་རྣམ་པའི་དཔེ་སྟོན་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་ཁྱབ་གདལ་དང་རིག་གནས་ཡུལ་སྐོར། སློབ་གསོ། ལུས་རྩལ། ཞིང་ལས་སོགས་མཉམ་འདྲེས་བྱེད་སྟངས་འཕེལ་རྒྱས་གཏོང་བ་དང་། ཚན་རིག་ཁྱབ་གདལ་གྱི་ཞིབ་འཇུག་སློབ་སྦྱོང་སོགས་ཚན་རིག་ཁྱབ་གདལ་རྣམ་པ་གསར་པ་རྒྱ་སྐྱེད་གཏོང་བ། ཚན་རིག་ཁྱབ་གདལ་གྱི་ཁྱད་ལྡན་འཛད་སྤྱོད་ཡུལ་རྣམ་གསོ་སྐྱོང་བྱེད་དགོས། ཞིང་ཆེན་རིམ་པའི་ཚན་རིག་ཁྱབ་གདལ་འཕེལ་རྒྱས་ཐེབས་རྩ་འཛུགས་པར་བསྔགས་སྐུལ་དང་། ཁེ་ལས་དང་སྤྱི་ཚོགས་ཀྱི་མ་རྩ་ཚན་རིག་ཁྱབ་གདལ་རྣམ་གྲངས་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་ཅན་གྱི་མ་དངུལ་གྲབས་གསོག་ཐབས་ལམ་རྒྱ་ཆེར་གཏོང་དགོས་པར་བསྟན་ཡོད།
གདེང་འཇོག་དང་སྐུལ་ལྕག་འཐུས་ཚང་དུ་གཏོང་བའི་ཐད། བསམ་འཆར་ནང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ནོར་སྲིད་སོགས་སྡེ་ཚན་མཐུན་སྦྱོར་ཧུར་ཐག་བྱས་ནས། ཚན་རྩལ་ཁྱབ་གདལ་ལས་དོན་གྱི་གྲུབ་འབྲས་དང་། ཚན་རྩལ་དང་བླངས་ཞབས་ཞུ། ཚན་རྩལ་ཁྱབ་གདལ་གསར་རྩོམ་གྱི་གྲུབ་འབྲས་སོགས་ཚན་རྩལ་ཤེས་ལྡན་མི་སྣའི་གོ་མིང་ཞིབ་དཔྱད་དང་། ཕུལ་བྱུང་དཔྱད་འདེམས། རྣམ་གྲངས་ལས་འབྲས་གདེང་འཇོག་བཅས་ཀྱི་མ་ལག་ནང་འཇུག་རྒྱུར་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་ཅན་དུ་གཞི་རིམ་གྱི་ཚན་རིག་ཁྱབ་གདལ་གྱི་སྔོན་ཐོན་དཔེ་མཚོན་འདེམས་སྒྲུག་བྱས་ནས། གཟི་བརྗིད་མཚན་སྙན་གྱི་སྐུལ་ལྕག་ཇེ་དྲག་ཏུ་གཏོང་དགོས་པར་བཏོན་ཡོད། །