ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ10པའི་ཚེས14ཉིན་ཁྲིམས་འཛིན་པུའུ་ནས་ཤེས་གསལ་ལྟར་ན། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་དབྱང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞུང་ལས་ཁང་གིས་མགོ་ཁྲིད་ལས་བྱེད་པས་བཅའ་ཁྲིམས་ལ་བརྟེན་ནས་ལས་དོན་སྒྲུབ་པའི་གནས་ཚུལ་ཐད་ཀྱི་ཁྲིམས་ལུགས་ལྟ་སྐུལ་ཞིབ་བཤེར་བྱེད་སྒོ་སྤེལ་ཡོད། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང8བཙུགས་ཏེ་ཧོ་པེ་དང་། ཧེ་ལུང་ཅང་། ཧྥུའུ་ཅན། ཧྲན་ཏུང་། བོད་ལྗོངས། ཧྲའན་ཞི། མཚོ་སྔོན། ཞིན་ཅང་བཅས་ཞིང་ཆེན(རང་སྐྱོང་ལྗོངས)8དང་། དེ་བཞིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་སུ་ཡུལ་དངོས་ལྟ་ཞིབ་བྱ་རྒྱུ་ཡིན་ཞིང་། དུས་ཡུན་ཉིན10ཡིན།
ཤེས་གསལ་ལྟར་ན། ཁྲིམས་ལུགས་ལྟ་སྐུལ་ཞིབ་བཤེར་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་ཇུས་ཐག་གཅོད་པ་དང་། ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་ཚད་ལྡན་དུ་བཟོ་བ། སྲིད་འཛིན་ཡིག་ཆ་གཏན་འབེབས་བེད་སྤྱོད་གཏོང་སྟངས། ཚོང་འགུགས་དངུལ་འདྲེན་སོགས་ཀྱི་གནད་དོན་གཙོ་གནད་དུ་ལྟ་སྐུལ་བྱེད་པ་དང་། གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། བརྟག་དཔྱད་གང་བྱུང་བྱེད་པ། ཆད་པ་གཅོད་སྟངས་ཟང་ཟིང་ཡིན་པ། སྒོ་རྒྱ་སྡོམ་པ་ཚུལ་ལྡན་མིན་པ་བཅས་དང་། ས་ཁོངས་བརྒལ་ནས་ཁྲིམས་བསྟར་དང་ཁེ་ཕན་ཁོ་ནར་དམིགས་པའི་བྱ་སྤྱོད་ངན་པ་སོགས་མངོན་གསལ་དོད་པའི་གནད་དོན་མུ་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ནས། འབྲེལ་ཡོད་ཁྱབ་ཁོངས་ཁྲོད་དོ་དམ་ནན་མོ་དང་ཁྲིམས་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པར་ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོ་འཛུགས་པ་དང་འགན་འཁྲི་ཚུལ་བཞིན་བསྒྲུབ་པར་སྐུལ་མ་བཏང་ཡོད།
ལྟ་སྐུལ་ཞིབ་བཤེར་ཚོགས་པ་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སྡེ་ཚན་སོ་སོའི་པུའུ་རིམ་པའི་ལས་བྱེད་པ་སྣེ་ཁྲིད་དེ་ཚན་པ་སྐོར་ཞིག་དང་ས་གནས་ཀྱི་ཆེད་ལས་རྐང་འཛིན་པ་དང་། ཆེད་མཁས་པ། དམངས་ཆེན་གྱི་འཐུས་མི། སྲིད་གྲོས་ཨུ་ཡོན་སོགས་ཞུགས་ཡོད། ལྟ་སྐུལ་ཞིབ་བཤེར་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་ནན་ཏན་ངང་ལག་བསྟར་བྱེད་པ་དང་། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། ནུས་པ་གནད་སྨིན་འདོན་པ་དང་ཕན་འབྲས་དངོས་ཐོབ་པར་བྱ་རྒྱུ་རེད། །