ཟླ10པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སྤྱི་བདེ་ཅུས་ཀྱིས་མངའ་ཁོངས་ཀྱི་དངོས་ཡོད་ལ་རྐང་བཙུགས་ནས། ཞིང་ཆེན་ཡོངས་སུ་རྒྱལ་ལམ་དང་རི་ཁུལ་གྱི་ལམ་མཚམས་གཙོ་བོའི་གནས་ཚུལ་སྔོན་ལ་ཉིན་གང་བོར་ཐད་གཏོང་བྱས་པ་དང་། ཚན་རྩལ་ཅན་དང་མཐོང་ཐུབ་ཅན་གྱི་དོ་དམ་ཚོད་འཛིན་རྣམ་པས་རྒྱལ་ལམ345ཡི་རྫ་སྟོད་ལམ་མཚམས་ཀྱི་བགྲོད་ལམ་ཤར་གཏོང་ཐུབ་པའི་བྱ་བ་དམ་འཛིན་ནན་མོ་བྱས། ལམ་གྱི་གནས་ཚུལ་དུས་ཚོད་ཉེར་བཞིར་ཐད་གཏོང་བྱས་པས། བསྡོམས་པས་བསྔགས་རྡེབ་ཚད་འབུམ་གཅིག་ལས་བརྒལ་ཞིང་། ལྟ་མཁན་མི་ཐེངས་ཁྲི་གཅིག་དང་སྟོང་གསུམ་ལ་ཉེ་བ་དང་། ཟོང་སྐྱེལ་ཁ་ལོ་བའི་ཚོགས་པས་གདེང་འཇོག་མཐོན་པོ་བྱས།
རྒྱལ་ལམ109ཞིག་གསོའི་ཤུགས་རྐྱེན་འོག རྒྱལ་ལམ345ཡི་རྫ་སྟོད་ལམ་མཚམས་དེ་མཚོ་སྔོན་དང་བོད་ལྗོངས་གཉིས་སྦྲེལ་བའི་སྐམ་སའི་བརྒྱུད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ཟོང་སྐྱེལ་རླངས་འཁོར་ཆེ་གྲས་མང་ཞིང་དེ་དག་འགྲོ་ཐེངས་མང་བར་བརྟེན། བགྲོད་ལམ་ཤར་གཏོང་ཐུབ་པ་དང་བདེ་འཇགས་དོ་དམ་ཚོད་འཛིན་གྱི་གནོན་ཤུགས་ཧ་ཅང་ཆེ། དེའི་ཁྲོད་ཝ་རི་ལམམཚམས་ཧྲིལ་བོ་མཚོ་འཕགས་མཐོ་བའི་རི་ཁུལ་དུ་གནས་པས། ས་བབ་གཟར་ལ་ལམ་གྱི་གནས་ཚུལ་རྙོག་འཛིང་ཆེ། སྟོན་དགུན་དུས་ལ་སླེབས་རྗེས། མངའ་ཁོངས་སུ་ཁ་བ་འབབ་པ་དང་དྲོད་ཚད་མར་ཆག་པ། རླུང་ཆེན་གཡུགས་པ་སོགས་ཀྱི་གནམ་གཤིས་རྩུབ་པོ་འབྱུང་ཚད་ཆེ་བར་བརྟེན། ལམ་ངོས་སུ་ཁངས་དང་དར་ཆགས་སླ་བ་དང་། ཕྱི་ལོགས་ཀྱི་ཁ་ལོ་བ་མཐོ་སྒང་རི་ཁུལ་གྱི་ནམ་ཟླའི་ཁྱད་ཆོས་དང་ལམ་མཚམས་ཀྱི་ཉེན་ཁར་རྒྱུས་ལོན་མི་འདང་བས། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་འགོག་སྡོམ་གྱི་གནོན་ཤུགས་སྔར་ལས་ཆེ་རུ་གྱུར་ཡོད།
མཐོ་སྒང་གི་སྟོན་དགུན་དུས་ཀྱི་བགྲོད་ལམ་དོ་དམ་ཚོད་འཛིན་གྱི་དཀའ་གནད་ལ་དམིགས་ནས། རྫ་སྟོད་རྫོང་སྤྱི་བདེ་ཅུས་ཀྱིས་སྨྱན་སྦྱོར་གསར་བའི་ཐད་གཏོང་སྟེགས་བུ་བརྒྱུད་དེ་ཉིན་གང་བོར་ལམ་གྱི་གནས་ཚུལ་ཐད་གཏོང་གི་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། ཝ་རི་ལམ་མཚམས་ཀྱི་གནས་ཚུལ་དངོས་སུ་རྟོགས་ཐུབ་པར་བྱས་ལ། ལས་ཡུལ་དང་པོའི་ལམ་གྱི་གནས་ཚུལ་ཆ་འཕྲིན་གསར་སྒྱུར་བྱས་པ་དང་། ཟོང་སྐྱེལ་ཁ་ལོ་བར་དམིགས་ནས་ཕྱོགས་སྟོན་བདེ་འཇགས་སྔོན་བརྡ་བཏང་སྟེ། ཁ་ལོ་བས་བགྲོད་ལམ་གྱི་གནས་ཚུལ་ལྟར་རླངས་འཁོར་ཉུང་དུས་ཕྱི་ལ་བསྐྱོད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལམ་ཐིག་འཆར་འགོད་བྱེད་པར་གསལ་འདེབས་དང་། ཁངས་དང་དར་ཆགས་པའི་སྐབས་ཀྱི་ཕྱི་སྐྱོད་ཉེན་ཁར་ནུས་ལྡན་གྱིས་གཡོལ་ཐུབ་པར་བྱས།
དུས་རིམ་རྗེས་མར། རྫ་སྟོད་རྫོང་སྤྱི་བདེ་ཅུས་ཀྱིས་དྲ་ངོས་ཀྱི་ཐད་གཏོང་སྔོན་བརྡ་དང་ཡུལ་དངོས་ཀྱི་སྐོར་ཞིབ་ཚོད་འཛིན་གྱིས་ཉེན་ཁ་འགོག་ཟོན་གྱི་མཉམ་འགུལ་བྱ་བའི་ལམ་སྲོལ་བསྟུད་མར་ཟབ་སྤེལ་བྱས་ཏེ། སྟོན་དགུན་དུས་ཀྱི་གནམ་གཤིས་རྩུབ་པའི་འགྱུར་ལྡོག་ལ་དམིགས་ནས་མཐོ་སྒང་གི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅོས་སྐྱོང་ཞིབ་ཚགས་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།