མཚོ་སྔོན་གྱིས་ཚད་ལྡན་ཅན་འཛུགས་སྐྲུན་བྱས་ཏེ་མཐོ་སྒང་གི་ཁྱད་ལྡན་གྲུབ་འབྲས་མངོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས14ཉིན་ནི་འཛམ་གླིང་གི་ཚད་ལྡན་ཉིན་མོ་སྐབས57པ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཚད་ལྡན་ཅན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་དུས་གཅིག་ཏུ་སྤེལ་འགོ་བཙུགས་ཏེ། བཙན་ཤེད་རང་བཞིན་གྱི་ཚད་གཞི་དྲིལ་བསྒྲགས་དང་ཚད་ལྡན་ཅན་གྱི་ཤེས་བྱ"སློབ་གྲྭར་བསྐྱོད་པ"། ཚད་ལྡན་སྒོ་འབྱེད་ཉིན་མོ་སོགས་སྣ་མང་རྣམ་པ་བརྒྱུད། གྲོང་ཁྱེར་དང་ཁུལ་སོ་སོའི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་དང་དུས་གཅིག་ཏུ་མཉམ་འགུལ་གྱིས་ཁྱབ་གདལ་དྲིལ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ཚད་ལྡན་ཅན་གྱི་འདུ་ཤེས་རྒྱུན་མཐུད་ངང་ཆེ་རུ་བཏང་ཡོད། འདི་ནི་གསར་འགོད་པས་ཉིན་དེར་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་ཚད་ལྡན་ཅན་ལས་དོན་གྱི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ཞིག་རེད།

ཚད་ལྡན་ཅན་དུ་འགྱུར་བར་བྱ་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་ལྡན་པའི་ལམ་ལུགས་ཀྱི་ཡོ་བྱད་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་དང་། ཐོན་ལས"གནས་བཞི"བསྐྲུན་པའི་ལག་རྩལ་གྱི་འདེགས་སྐྱོར་གལ་ཆེན་ཡང་ཡིན། 2021ལོའི་ལོ་མཇུག་ཏུ་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས《རྒྱལ་ཁབ་ཚད་ལྡན་ཅན་དུ་འཕེལ་རྒྱས་གཏོང་བའི་རྩ་གནད》ཀྱི་ལག་བསྟར་བསམ་འཆར་དཔར་འགྲེམ་བྱས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱིས་དམིགས་འབེན་དང་ལས་འགན་ཁག་གཏན་འཁེལ་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། རྨང་གཞིའི་ནུས་པ་འཛུགས་སྐྱོང་བཅས་ཀྱི་ཚད་ལྡན་ཅན་གྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་བྱས་ཤིང་། ཚད་ལྡན་མཁོ་སྤྲོད་རྒྱུན་མཐུད་ངང་རྒྱ་སྐྱེད་བཏང་བ་དང་། ཚད་གཞི་བཀོལ་སྤྱོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བས། ཚད་ལྡན་ཅན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པར་ཕན་འབྲས་ཏན་ཏིག་རབ་དང་རིམ་པ་ཐོབ་ཡོད།

མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམིགས་བསལ་ལས་འགན་ལ་རྐང་ཚུགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཚད་ལྡན་ཅན་དེ་སྐྱེ་ཁམས་བཅོས་སྐྱོང་གི་ལག་རྩལ་གྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས། ཐཱན་གཉིས་འཛུགས་སྐྲུན་དང་། སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བཅས་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། གློག་འབྱེད་ཧ་ཡང་ཐཱན་གྱི་རྗེས་ཤུལ་དང་། ནུས་ཁུངས་ཟད་གྲོན་བཅད་གྲངས་སོགས་རྒྱལ་ཁབ་ཀྱི་ཚད་གཞི་ཞིབ་འཇུག་དང་གསར་བཟོ་བྱེད་པར་ཟབ་ཞུགས་བྱས་ནས། ནགས་ལས་དང་རྩྭ་ཐང་གི་ཐཱན་འདུས་ལྟ་ཞིབ་ཚད་ལེན་དང་རྩིས་རྒྱག་ཚད་འཇལ་ས་གནས་ཀྱི་ཚད་གཞི་བཏོན་ནས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་འབྱུང་བར་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས། རྒྱལ་ཡོངས་སུ་ཐོག་མར《བེད་མེད་འོད་བརྟེན་སྒྲིག་ཆས་དང་བེད་མེད་རླུང་གློག་འཕྲུལ་ཚན་བེད་སྤྱོད་ཐག་གཅོད་སྦགས་བཙོག་ཚོད་འཛིན་ལག་རྩལ་སྣེ་ཁྲིད》འགྲེམ་སྤེལ་བྱས་ནས། རྒྱལ་ནང་གི་བེད་མེད་ནུས་ཁུངས་གསར་པ་བེད་མེད་དུ་བསྐྱུར་རིགས་ཐག་གཅོད་བྱེད་པའི་ཚད་གཞིའི་སྟོང་ཆ་གསབ་ཡོད།

ཐོན་ལས"གནས་བཞི"འཛུགས་སྐྲུན་ལ་དམིགས་ནས། མཚོ་སྔོན་གྱིས་ཚན་རྩལ་གསར་གཏོད་དང་ཚད་གཞི་གསར་བཟོ་གཞན་སྒྱུར་གྱི་བགྲོད་ལམ་བཏོད་དེ། ཚད་གཞི་ཞིབ་བཟོ་དེ་ཚན་རྩལ་རྣམ་གྲངས་ཀྱི་རྣམ་གྲངས་འཛུགས་པ་དང་། ཞིབ་བཤེར་རྩིས་ལེན་དང་དེ་བཞིན་གོ་མིང་ཞིབ་དཔྱད་དང་གྲུབ་འབྲས་དཔྱད་ཞིབ་ནང་བཅུག་པ་རེད། ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཚོགས་པ་ཁག་ཅིག་གི་ཚད་གཞིའི་དམིགས་ཚད་དེ་རྒྱལ་ཁབ་ཀྱི་ཚད་གཞི་ལས་ལེགས་པོ་ཡོད་པས། "རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་ཉོ་ཚོང་ཞིབ་བཤེར་རྩིས་ལེན་ལ་ཐད་ཀར་ཞབས་འདེགས་ཞུ་བཞིན་ཡོད། དག་གཙང་ནུས་ཁུངས་ཁྱབ་ཁོངས་སུ་འོད་བརྟེན་དང་། རླུང་ཤུགས་གློག་འདོན། ནུས་གསོག་བཅས་མཚོ་ངོས་ལས་མཐོ་བའི་ཉེར་སྤྱོད་རྒྱལ་ཁབ་ཀྱི་དམིགས་ཚད་དང་། ལས་རིགས་ཀྱི་དམིགས་ཚད་བཟོ་བའི་ནང་གཏིང་ཟབ་ཞུགས་པ་དང་། རྒྱལ་ཡོངས་སུ་སྔོན་ལ་ལྗང་མདོག་རྩིས་རྒྱག་ནུས་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ས་གནས་ཚད་གཞི་ཁག5བཏོན་ཞིང་། མཐོ་སྒང་འཕྲུལ་ཆས་རྒྱལ་ཁབ་ཀྱི་ཚད་གཞི་ཁག4ཞིབ་འཇུག་དང་གསར་བཟོ་ལེགས་གྲུབ་བྱུང་ནས། མཚོ་ངོས་ལས་མཐོ་བའི་སྒྲིག་ཆས་དང་ལག་རྩལ་གྱི་ཞན་ཆ་གསབ་པ་བཅས་བྱས་ཡོད།

དུས་མཚུངས་སུ་མདའ་བཞི་རྫོང་ནི་ནུབ་བྱང་ཞིང་ཆེན་ལྔའི་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་དུ་འགྱུར་བའི་ཕྱོགས་བསྡུས་ཚོད་ལྟ་བྱེད་གནས་གཅིག་པུ་ཡིན་པའི་ཆ་ནས། འདྲ་བཟོ་དང་ཁྱབ་གདལ་བཏང་ཆོག་པའི"མདའ་བཞིའི་མ་དཔེ"ཆགས་པ་རེད། ན་གོར་མོའི་རྒྱང་སྒྲོག་བརྙན་འཕྲིན་ཚད་ལྡན་ཅན་གྱི་ཚོད་ལྟ་བྱས་ནས། རྒྱལ་ཡོངས་ཀྱི་དཔེ་མཚོན་ནང་བདམས་ཐོན་བྱུང་བ་དང་། རྒན་གསོ་བཅོལ་གསོ་དང་། བྱིས་པའི་ཕན་བདེ། བོད་ལུགས་གསོ་རིག་སྨན་ལས། ཁྱིམ་ལས་ཞབས་ཞུ་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་ཚད་གཞི་རྒྱུན་མཐུད་ངང་དོན་ཐོག་ཏུ་འཁྱོལ་བ་དང་། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།