མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས། ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས14ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་བླང་བྱ་གལ་ཆེན་གནང་བར་ཕྱིར་དྲན་བྱས་ཤིང་། མངག་བཅོལ་ཡིད་ལ་དམ་པོར་བཟུང་བ་དང་། དངོས་འཛིན་དངོས་སྒྲུབ་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་ཆབ་སྲིད་ཀྱི་ཆ་རྐྱེན་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་དང་། དོན་ཐོག་ཏུ་འཁྱོལ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལས། འཕྲོད་བསྟེན་དང་བདེ་ཐང་བྱ་བ་རབ་དང་རིམ་པའི་རྩ་བའི་རང་བཞིན་དང་། ཁ་ཕྱོགས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་གནད་དོན་ལ་ལན་ཟབ་མོ་བཏབ་ཡོད་པ་དང་། ང་ཚོས་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་རྩ་བའི་བརྩི་སྲུང་དང་འགུལ་སྐྱོད་ཁ་ཕྱོགས་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་དོན་དངོས་ལ་རྐང་ཚུགས་ཏེ་ལེགས་ཆ་དར་སྤེལ་དང་། རྨང་གཞི་བརྟན་དུ་གཏོང་བ། སྟོང་ཆ་སྐོང་བ། ཞན་ཆ་གསབ་པ་བཅས་བྱས་ནས། མཐོ་སྒང་གི་ཁྱད་ལྡན་བདེ་ཐང་མཚོ་སྔོན་མྱུར་མོར་འཛུགས་སྐྲུན་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བདེ་ཐང་གི་རྨང་གཞི་བརྟན་པོ་འདིང་དགོས། སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕྲོད་བསྟེན་དང་བདེ་ཐང་གི་རྨང་གཞིའི་རང་བཞིན་དང་འབྱུང་རྩའི་རང་བཞིན་གྱི་ལས་དོན་ཁག་དམ་འཛིན་ཞིབ་ཚགས་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཡང་དག་པའི་བདེ་ཐང་གི་ལྟ་བ་ཆགས་རྒྱུར་ཁྲིད་སྟོན་བྱས་ཏེ། འཕྲོད་བསྟེན་དང་བདེ་ཐང་གི་ཞབས་ཞུའི་དོ་སྙོམས་རང་བཞིན་དང་དུས་ཐོག་རང་བཞིན་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། སྡོད་དམངས་ཀྱི་བདེ་ཐང་ཡིག་ཚགས་མགྱོགས་མྱུར་བཟོ་བ། བདེ་ཐང་གི་དམིགས་ཚད་གཙོ་བོ་བརྟན་པོའི་ངང་མཐོ་རུ་བཏང་ནས། མཚོ་སྔོན་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་རེར་འཕར་བཞིན་པའི་བདེ་ཐང་གི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས། སྤུས་ལེགས་ཆོད་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང། "ཚོགས་སྒྲིག་རྣམ་པའི"སྨན་བཅོས་རོགས་སྐྱོར་གཏིང་ཟབ་ཏུ་བཏང་ནས། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་དང་། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་སོགས་གཙོ་གནད་ལས་སྟེགས་སྟོབས་ཆེར་གཏོང་བ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཐོ་སྒང་གི་གསོ་རིག་ཞིབ་འཇུག་གི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། མཐོ་སྒང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་བཏང་སྟེ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་དགོས། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། "སྨན་གསུམ"མཐུན་སྦྱོར་ངང་འཕེལ་རྒྱས་དང་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་བ། སྤྱི་ཕན་རང་བཞིན་ཕྱོགས་སྟོན་དུ་བཟུང་ནས་གཞུང་གཉེར་སྨན་ཁང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཛུགས་པ། ནད་རིགས་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་སྨན་པ་བསྟེན་པའི་ཁུར་པོ་ཇེ་ཡང་དུ་ཏན་ཏིག་གཏོང་བ་བཅས་བྱ་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནད་རིགས་སྔོན་འགོག་དང་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ། ས་གནས་ནད་འགོག་བཅོས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ལས་ཀ་རྒྱུན་མཐུད་ངང་ལེགས་པར་བསྒྲུབ་པ། འཕྲོད་བསྟེན་དང་བདེ་ཐང་སྡེ་ཁག་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ལྡན་འཛུགས་པ། སྨན་པའི་ཀུན་སྤྱོད་དང་སྨན་སྲོལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རིགས་ཀྱི་དར་སྲོལ་བཟང་པོ་བསྐྲུན་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་མཚོ་སྔོན་ལ་རྟོག་ཞིབ་ཐེངས་གསུམ་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་ཡོད། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། "གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། "སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་ལེགས་པར་སྒྲུབ་སྟེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་མཐོར་འདེགས་བཏང་ནས།  ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བཅས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ལྗང་མདོག་རྩིས་གློག་མཉམ་སྡེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། རྩིས་ཐོའི་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རེ་རེ་བཞིན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། "འགོ་ཁྲིད་དང་པོའི"འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། གཟེར་རྡེབ་སྙིང་སྟོབས་ལ་བརྟེན་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།  ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་དུ་རྗེས་འདེད་ལྟ་སྐུལ་ཞིབ་བཤེར་དང། ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་པ། ལས་བྱེད་པའི་ནུས་པ་དང་སྤྱོད་ཚུལ། འགན་འཁྲི་འཁུར་སེམས་བཅས་སྦྱོང་བརྡར་བྱེད་པ། འཆར་གཞི་གཅིག་མཐར་ཕྱིན་པར་འགོད་པ། ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི"བསམ་བཀོད་གཅིག"གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྤུས་འདེགས་ཕན་སྐྱེད་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།