མཚོ་སྔོན་གྱིས་དགུན་དུས་དྲོད་འདོན་རོགས་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་གཉིས་བྱིན་ནས་མཁར་གྲོང་གི་དཀའ་ཁག་ཡོད་པའི་ཁྱིམ་ཚང་འབུམ་གཅིག་དང་ཁྲི་བདུན་སྟོང་དགུ་དང་བརྒྱ་ལ་ཕན་ཐོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་གཞི་གྲངས་སྤེལ་བ་ལྟར་ན། ཟླ9པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོར་དྲོད་འདོན་རོགས་དངུལ་སྤྲོད་པའི་བྱ་བ་ཕྱོགས་ཡོངས་ནས་འགྲུབ་པ་དང་། ཁྱོན་བསྡོམས་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་དཀའ་ཁག་ཡོད་པའི་ཁྱིམ་ཚང་འབུམ་གཅིག་དང་ཁྲི་བདུན་སྟོང་དགུ་དང་བརྒྱ་ལ་དྲོད་འདོན་རོགས་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་གཉིས་བྱིན།

ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་མཐའ་སྐྱོར་འགན་སྲུང་བྱ་བའི་སྐོར་གྱི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དངོས་སུ་ཐག་བཅད་དེ། དམངས་འཚོའི་འགན་སྲུང་གི་ཚད་མཐའ་བརྟན་པོར་བསྲུངས་བ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་ངང་དགུན་སྐྱེལ་བར་འགན་སྲུང་བྱས། ས་གནས་སོ་སོའི་དམངས་སྲིད་སྡེ་ཁག་གིས་གྲོང་ཁྱེར་གྱི་དམའ་སྲུང་མི་སྣ་དང་གྲོང་ཁྱེར་གྱི་དམིགས་བསལ་དཀའ་ཁག་ཡོད་པའི་གསོ་སྐྱོང་ཁྱིམ་ཚང་ལ་ལོ་རེར་སྒོར་སྟོང་གཅིག་རེ་དང་། ཞིང་སྡེའི་དམའ་སྲུང་མི་སྣ་དང་ཞིང་སྡེའི་དམིགས་བསལ་དཀའ་ཁག་ཡོད་པའི་གསོ་སྐྱོང་ཁྱིམ་ཚང་ལ་ལོ་རེར་སྒོར་བརྒྱད་བརྒྱ་རེ་སྟེར་བའི་ཚད་གཞི་ལྟར།  མཁར་གྲོང་གི་དཀའ་ཁག་ཡོད་པའི་མང་ཚོགས་ལ2026ལོའི་དགུན་དུས་ཀྱི་དྲོད་འདོན་རོགས་དངུལ་སྟེར་དགོས་པའི་བླང་བྱ་བཏོན།

2017ལོར་མཁར་གྲོང་ལ་ཁྱབ་པའི་དྲོད་འདོན་རོགས་སྐྱོར་ལམ་ལུགས་ཕྱོགས་ཡོངས་ནས་ལག་ཏུ་བསྟར་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་མཁར་གྲོང་གི་དམའ་སྲུང་དང་དམིགས་བསལ་དཀའ་ཁག་ཡོད་པའི་གསོ་སྐྱོང་མི་སྣ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་ལྔ་དང་བརྒྱད་བརྒྱ་ལ་དྲོད་འདོན་རོགས་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ས་ཡ་བཞི་བྱིན། ཞིང་ཆེན་དམངས་སྲིད་ཐིང་གིས་ས་གནས་སོ་སོས་དཀའ་ཁག་ཡོད་པའི་ཚོགས་པ་གཞན་དག་གི་གཞི་རྩའི་འཚོ་བའི་གནས་ཚུལ་ལ་དོ་ཁུར་ནན་མོ་བྱས་ཏེ། དྲོད་འདོན་རོགས་སྐྱོར་བྱས་རྗེས་ད་རུང་འཚོ་བར་དཀའ་ཁག་ཡོད་པའི་ཁྱིམ་ཚང་ལ་དམིགས་ནས། དུས་ལྟར་གནས་སྐབས་རོགས་སྐྱོར་བྱས་ཏེ་དཀའ་ཁག་ཐག་གཅོད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།