ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ་གཏམ་བཤད།

གྲོས་ཚོགས་ལས་ཟླ9པའི་ཚེས21ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ77འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་རྩལ་ནུས་འགྲན་སྡུར་སྐབས48པར་སྤྲིངས་པའི་ཤིས་འཕྲིན་གལ་ཆེན་གྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་གལ་ཆེན་སྤྲིངས་པའི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་སྣེ་ཡག་པོར་ཁྲིད་དེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། རྩལ་ནུས་འཇོན་མི་གསོ་སྐྱོང་སོགས་ཁྱབ་ཁོངས་དམིགས་སུ་བཟུང་ནས། སྲིད་གྲོས་འགན་སྒྲུབ་ཀྱི་འགོ་ཚུགས་ས་དང་ཤུགས་འདོན་ས་ཡང་དག་འཚོལ་དགོས་ལ། རྟོག་ཞིབ་གྲོས་མོལ་གཏིང་ཟབ། གྲོས་འདོན་སྲིད་གླེང་། ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། སྤུས་ཚད་མཐོ་བའི་འགན་སྒྲུབ་བཅས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འགན་སྒྲུབ་ལག་ལེན་ཁྲོད་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བསྒྲུབ་དགོས།

གྲོས་ཚོགས་ལས་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་བྱས་ཏེ་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་འཕེལ་རྒྱས་མིན་པའི་ས་ཁུལ་གྱི་དཀའ་ཁག་ཅན་གྱི་བྱིས་པའི་ཞབས་ཞུ་འགན་སྲུང་དང་། མཐོ་སྒང་གི་བདེ་ཐང་ཞབས་ཞུའི་མི་འདང་ས། མཐོ་རིམ་སློབ་གྲྭས་རྒྱལ་དོན་གྱི་ཆེ་ཕྱོགས་ཐད་ཞབས་འདེགས་ཞུ་བའི་འཐབ་ཇུས་ཀྱི་རྣམ་པ་གསར་པ་འཛུགས་པ་སོགས་ནང་དོན་ལ་དམིགས་ཏེ་གཏམ་བཤད་རྒྱུ་ཆ་སྤྲད་པར་མ་ཟད། ཚན་ཁག་དགར་བའི་གྲོས་སྡུར་ཁྲོད་གཏམ་བཤད་ཅིང་། མཚོ་སྔོན་གྱི་སྐད་སྒྲ་བསྒྲགས་ཡོད། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ། སྤུས་ཚད་མཐོ་བའི་ལས་ཞུགས་སོགས་དམངས་འཚོ་གྲོས་དོན་ལ་དམིགས་པ་དང་། འགན་སྒྲུབ་ཀྱི་གནད་འཛིན་ཡང་དག་འཚོལ་དགོས་ཤིང་། ཏང་ཨུ་དང་སྲིད་གཞུང་གིས་དམངས་འཚོ་བདེ་སྐྱིད་རྒྱུན་མཐུད་ངང་འཕེལ་བར་རོགས་ཤུགས་བཏོན་ནས། དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་གྱི་སྒོ་ནས་རིགས་སོ་སོའི་མང་ཚོགས་ལ་ཕན་ཐོགས་པར་བྱེད་དགོས།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ཏེ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་སྡེ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་བ། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་རྒྱ་ཆེར་གཅིག་སྡུད་བྱེད་པ། དུས་ཚིགས་བཞི་པའི་མཆོང་སྐྱོད་དང་། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་སུ་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་པའི་སྒྲིལ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། ད་ལོའི་ཚུན་དུ། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་འགན་སྒྲུབ་མཐའ་འཁྱོལ་དང་། ཇུས་འདོན་སྲིད་གླེང་དང་ངོས་འཛིན་གཅིག་མཐུན་གཅིག་སྡུད་བྱས་པའི་གྲུབ་འབྲས་གཡུར་དུ་ཟ་བ་ལོན་ཡོད་ལ། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁས་ལེན་གང་ལེགས་ཐོབ་ཅིང་། ཞིང་ཆེན་སྲིད་གྲོས་ཀྱིས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བདེན་དཔང་གནང་ཞིང་། འགན་སྒྲུབ་ཀྱི་ཁ་ཕྱོགས་གནད་དུ་འཁེལ་ཞིང་བྱ་བ་ཏན་ཏིག་ཕན་འབྲས་ལྡན་པ་ཞིག་རེད། དེང་སྐབས་ལོ་ཧྲིལ་བོའི་བྱ་བ་མཇུག་བསྡུ་བའི་གདོང་མཆོང་དུས་རིམ་དུ་སླེབས་ཡོད་པས། ལོ་ཧྲིལ་བོའི་བྱ་བའི་གཙོ་གནད་ལ་བལྟ་བ་དང་། ལས་འགན་གྱི་འཕེལ་རིམ་དང་དུས་བཀག་བླང་བྱ་ཚད་གཞིར་བཟུང་སྟེ། བྱ་བ་ཁག་དོན་འཁྱོལ་ཡོང་བ་མུ་མཐུད་དམ་འཛིན་ནན་མོ་དང་། དངོས་གཉེར་གྱི་འགན་སྒྲུབ་ཕན་འབྲས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཐུགས་ཁུར་བརྩེ་སེམས་གནང་བར་དྲིན་ལན་འཇལ་དགོས།

གྲོས་ཚོགས་ལས་དོན་ཚན་གཞན་དག་ལའང་གྲོས་ཞིབ་བྱས།

རིན་ཆེན་རྣམ་རྒྱལ་དང་། ཝང་ཞོན། ཀྲང་ཞའོ་རུང་། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། ཀྲུའུ་ཞང་ཏུང་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།