རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་མགོ་ཚུགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ10པའི་ཚེས10ཉིན་གྱི་སྔ་དྲོར། སྐབས་བཅོ་ལྔ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་གི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་པེ་ཅིང་བོད་ལུགས་སྨན་ཁང་དུ་དངོས་སུ་འགོ་ཚུགས་པ་རེད། རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་བོད་ལུགས་གསོ་རིག་གི་གསོ་རིག་སློབ་ཞིབ་རྐང་འཛིན་པ་བརྒྱ་ལྷག་མཉམ་གཅིག་ཏུ་འཛོམས་ནས། དུས་ཡུན་གཟའ་འཁོར་གཅིག་གི་ཞིབ་འཇུག་ཟབ་སྦྱོང་བྱེད་འགོ་ཚུགས། སྐབས་འདིའི་ཞིབ་འཇུག་འཛིན་གྲྭ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་ལུགས་སྨན་ཁང་དང་། ཚན་ཞིབ་ལས་སྒོ་གཞུང་དོན་ཁང་། བོད་ལུགས་གསོ་རིག་ཞིབ་འཇུག་སུའོ་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་འགན་འཁུར་ཞིང་། དེའི་དམིགས་ཡུལ་ནི་བོད་ལུགས་གསོ་རིག་གི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བོད་ལུགས་གསོ་རིག་རྒན་གྲས་ཀྱི་རིག་གཞུང་བསམ་བློ་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་རྒྱུན་འཛིན་བྱས་ནས་བོད་ལུགས་གསོ་རིག་ལས་དོན་པ་རྣམས་ཀྱིས་སྤེལ་རེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

སྐབས་བཅོ་ལྔ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་གི་མཐོ་རིམ་ཞིབ་འཇུག་འཛིན་གྲྭ་འགོ་ཚུགས་མཛད་སྒོ་པེ་ཅིང་བོད་ལུགས་སྨན་ཁང་དུ་འཚོགས་པ།

ཀྲུང་གོའི་བོད་ལུགས་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་གཞོན་པ་བཀྲ་བློ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལུའེ་ཞའོ་ཤོན། བོད་ལུགས་གསོ་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཧྥེང་ཤིན། པེ་ཅིང་བོད་ལུགས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཧྲི་ཧའོ། པེ་ཅིང་བོད་ལུགས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སོགས་ཞུགས་པ་དང་། སློབ་འགོ་ཚུགས་པའི་མཛད་སྒོར་པེ་ཅིང་བོད་ལུགས་སྨན་ཁང་ཏང་ཨུད་ཀྱི་ཨུ་ཡོན་ཡོན་ཀྲང་གཞོན་པ་ཅའོ་ཅ་ཡིས་གཙོ་སྐྱོང་གནང་། བཀྲ་བློས་ཤིས་ཚིག་གསུངས་པ་དང་འབྲེལ་ཟབ་སྦྱོང་འཛིན་གྲྭ་འགོ་ཚུགས་རྒྱུའི་ཁྱབ་བསྒྲགས་གནང་ཞིང་། ཁོང་གིས་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་གཉེར་བ་ནི་ཀྲུང་ལུགས་གསོ་རིག་དང་མི་རིགས་གསོ་རིག་དང་སྨན་རྫས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཐབས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་ཞིག་ཡིན་པས། བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཤེས་ལྡན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་རིག་གཞུང་སྤེལ་རེས་ལ་སྐུལ་འདེད་གཏོང་བ། སྐད་གྲགས་ཡོད་པའི་བོད་ལུགས་གསོ་རིག་གི་བསམ་བློ་དང་ནད་ཐོག་ཉམས་མྱོང་རྒྱུན་འཛིན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཁོང་གིས་སློབ་མ་ཚོས་སློབ་སྦྱོང་དང་སྤེལ་རེས་ནན་ཏན་བྱས་ནས་སྦྱངས་པ་ཐོབ་པ་དང་སྦྱངས་པ་སྤྱོད་གོ་ཆོད་པའི་འགན་ལེན་བྱས་ཏེ། བོད་ལུགས་གསོ་རིག་གི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་རེ་བ་ཡོད་ཅེས་གསུངས།

ཀའོ་ཝུའེ་ཡིས་སྨན་ཁང་གིས་ཐོན་ཁུངས་སྤྱི་འདོམས་བྱས་ནས་སློབ་ཁྲིད་སྒྲིག་འཛུགས་དང་། རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ། འཚོ་བ་འགན་ལེན་བཅས་ནུས་ཤུགས་ཡོད་རྒུས་ཡག་པོ་བྱས་ཏེ། སློབ་མ་རྣམས་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་དང་སློབ་སྦྱོང་ལ་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས།

དགེ་རྒན་ཆེན་མོ་དགའ་བའི་རྡོ་རྗེས«བོད་སྨན་སྡེབ་སྦྱོར་དང་ནད་ཐོག་སྨན་བཅོས་རྩལ་ནུས»ཞེས་པའི་སློབ་ཁྲིད་གནང་བཞིན་པ།

«སྐབས་འདིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་ནང་བོད་ལུགས་གསོ་རིག་གི་མཁས་དབང་དང་། བོད་ལྗོངས་བོད་སྨན་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་བཅས་ཡིན་པའི་དགའ་བའི་རྡོ་རྗེས«བོད་སྨན་སྡེབ་སྦྱོར་དང་ནད་ཐོག་སྨན་བཅོས་རྩལ་ནུས» ཞེས་པ་སློབ་ཁྲིད་གནང་། དགའ་བའི་རྡོ་རྗེར་དེ་སྔ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའ་ཨང་དང་པོ་སོགས་ཀྱི་བྱ་དགའ་ཐོབ་མྱོང་ཡོད་པ་དང་། བོད་སྨན་སྨན་སྦྱོར་དང་ནད་ཐོག་སྨན་བཅོས་ཀྱི་ཁྱབ་ཁོངས་སུ་ཤེས་ཡོན་ཟབ་མོ་ལྡན་ཡོད། མཛད་སྒོའི་ཐོག་ཀྲང་ཧྲི་ཧའོ་ཡིས་ཁོང་ལ་གདན་ཞུའི་ཡི་གེ་སྤྲད་པ་རེད། དགའ་བའི་རྡོ་རྗེས་སློབ་མ་ཡོངས་ལ་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་བོད་སྨན་གྱི་རིགས་པའི་གཞུང་ལུགས་དང་ནད་ཐོག་སྨན་བཅོས་ཀྱི་རྩལ་ནུས་ལ་བརྩོན་ཞིབ་བྱས་ཏེ་བོད་སྨན་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ལྕག་སྐུལ་གནང་།  སྐབས་འདིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་སློབ་མ་བརྒྱ་ལྷག་ཡོད་པའི་ནང་དུ་བོད་ལྗོངས་དང་། མཚོ་སྔོན། ཡུན་ནན། དེ་བཞིན་པེ་ཅིང་སོགས་ས་ཁུལ་གྱི་གཞི་རིམ་སྨན་རྩིས་ཁང་གི་སྨན་དོན་མི་སྣ་ཡོད་པར་མ་ཟད། ད་དུང་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་སོགས་མཐོ་སློབ་ཀྱི་དགེ་སློབ་ཀྱང་ཡོད་པ་རེད། ད་ཐེངས་ཀྱི་སློབ་སྦྱོང་གི་གོ་སྐབས་ཐོབ་དཀའ་བ་ཞིག་ཡིན་པས། ཚང་མས་ས་ཁོངས་ལས་བརྒལ་བ་དང་སྒྲིག་གཞི་ལས་བརྒལ་བའི་བོད་ལུགས་གསོ་རིག་དང་སྨན་རྫས་སྤེལ་རེས་ནང་ཞུགས་ཐུབ་པར་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད། པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་འབུམ་རམས་པ་ཚེ་དབང་སྟོབས་རྒྱལ་གྱིས་ད་ཐེངས་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་དང་ལག་ལེན་སློབ་སྦྱོང་གཏིང་ཟབ་དང་བརྒྱུད་རིམ་ལྡན་པའི་ངང་བྱེད་ཐུབ་བྱུང་། ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ལྷ་མོ་དང་སྒྲོལ་མ་མཚོ་གཉིས་ཀྱིས་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་ཤེས་བྱ་རྒྱ་ཆེར་གཏོང་བ་དང་ཚན་ཞིབ་ནུས་པ་ཆེ་རུ་གཏོང་བ་དང་འབྲེལ་བོད་ལྗོངས་སོགས་དང་རིག་གཞུང་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཟབ་མོ་བྱེད་ཀྱི་ཡོད། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་སྨན་རྩིས་ཁང་གི་ནད་ཐོག་སྨན་བཅོས་ལས་དོན་གཉེར་མཁན་ཚེ་དཔལ་གྱིས་དགེ་རྒན་ཆེན་མོ་བ་དགའ་བའི་རྡོ་རྗེ་ལགས་ལོ་ན་བགྲེས་ཀྱང་སྔར་བཞིན་ལོ་བཅུ་ཕྲག་ཁ་ཤས་རིང་རིག་གཞུང་གསར་བརྗེས་མཐའ་འཁྱོངས་གནང་ནས་བརྩམས་ཆོས«སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང»ཞེས་པ་བཟོ་བཅོས་བརྒྱབ་པ་དེས། ཁོང་མི་རིགས་གསོ་རིག་དང་སྨན་རྫས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བྱ་གཞག་ནང་ཞུགས་རྒྱུར་སྐུལ་མ་ཐེབས་ཡོད་ཅེས་བཤད། ནང་སོག་ཨ་ལ་ཧྲན་མེང་ཤང་གྲོང་འཕྲོད་བསྟེན་ཁང་གི་སོག་པོའི་སྨན་པ་ཝུའུ་ལི་ཅི་ཅི་རི་དཀར་ལས་ད་ཐེངས་ཀྱི་གསོ་སྦྱོང་དེ་མི་སྒེར་འཚར་ལོངས་ཡོང་བའི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་གཉེར་བ་དེས། མི་རིགས་སྨན་རྫས་འཕེལ་རྒྱས་དང་རྒྱུན་འཛིན་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་དང་ལྷག་པར་དུ་མི་རིགས་ཁག་གི་སྨན་རྫས་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ལེགས་ཆ་གསབ་རེས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ་པའི་ངོས་འཛིན་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་དེ་ཟླ10པའི་ཚེས16ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་དེའི་རིང་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་། ནད་ཐོག་སྨན་བཅོས་ཀྱི་རྩལ་ནུས་འགྲེལ་བཤད། མཉམ་འགུལ་སྤེལ་རེས་བཅས་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་སློབ་མ་ཚོར་བོད་སྨན་སྡེབ་སྦྱོར་དང་ནད་ཐོག་སྨན་བཅོས་ཀྱི་རྩལ་ནུས་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་རོགས་བྱས་ནས། བོད་ལུགས་གསོ་རིག་བྱ་གཞག་རྒྱུན་འཛིན་དང་གསར་གཏོད་བྱ་ཆེད་བྱང་ཚད་མཐོ་བའི་ཆེད་ལས་ཤེས་ལྡན་མི་སྣ་དེ་བས་མང་བ་སྐྱེད་སྲིད་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།