ཟླ10བའི་ཚེས13ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་དུ་མི་རིགས་ཆོས་ལུགས་ལས་དོན་ལ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། མིག་མཐོང་ལག་ཟིན་ཡིན་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་མཚོ་སྔོན་གྱི་ལག་ལེན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ། རིགས་སོ་སོའི་མང་ཚོགས་དང་ཆོས་ལུགས་ལས་རིགས་མི་སྣས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པར་ཁྲིད་སྟོན་བཅས་བྱ་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་ཞིབ་ཞབས་རྗེས་བརྒྱུད་དེ། ལུའོ་ཏུང་ཁྲོན་ཙོང་ཁ་དགོན་དུ་ཡོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བསྐྱར་དྲན་བྱས་པ་དང་། གསར་བརྗེ་རྒན་རབས་ཚོས་མི་རིགས་བྱ་བ་དང་ཆོས་ལུགས་ལས་དོན་ལ་ཐུགས་ཁུར་དང་སྐུལ་འདེད་གཏོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས། ཁོས་ནན་གྱིས་བསྟན་དོན། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། རིགས་སོ་སོའི་མི་རིགས་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་པ་དང་། ཙོང་ཁ་དགོན་དེ་དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་དཔེ་མཚོན་དགོན་སྡེ་ཞིག་ཏུ་འཛུགས་སྐྲུན་བྱས་ནས། རྒྱ་ཆེའི་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་དགོས།
ཏུང་ཀོན་དབྱི་སི་ལན་དགོན་ཆེན་དུ། ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཡོའུ་ཞང་དང་གླེང་མོལ་གཏིང་ཟབ་བྱས་ནས། ཁོ་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། དགོན་སྡེའི་དོ་དམ་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་ཇེ་ལེགས་སུ་བཏང་ནས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས་པའི་སྐུལ་ལྕག་བྱས། ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ཏེ། ཆོས་སྲོལ་ལ་དུས་བསྟུན་འཕེལ་རྒྱས་ཀྱི་འགྲེལ་བཤད་བརྒྱབ་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཏན་ཏིག་སྤེལ་བ་དང་། དགོན་སྡེར་སྡོད་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི“མོས་མཐུན་ལྔ”རྒྱུན་མཐུད་ངང་ཆེ་རུ་བཏང་ནས། དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་གྱི་དཔེ་སྟོན་ཚད་ཤིང་ཧུར་ཐག་གིས་གཏོད་དགོས།
མཁར་དཀྱིལ་ཁུལ་གྱི་ཤམ་བྷ་ལའི་སྡེ་ཁུལ་དུ་ཡོང་ནས། ལུའོ་ཏུང་ཁྲོན་གྱིས་སྡེ་ཁུལ་གྱི་གཡུལ་ས་འཛུགས་སྐྲུན་དང་ནུས་པ་འདོན་སྤེལ་བྱས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ལས་བྱེད་མི་སྣར་སྡེ་ཁུལ་གྱི་བྱ་བ་སྣ་ཚོགས་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས། སྡོད་དམངས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། “སེ་འབྲུའི་ཁྱིམ་གཞིས”རྒྱུན་མཐུད་ངང་སྟོབས་ཆེར་གཏོང་བ་དང་། ཕན་ཚུན་སྦྱོར་རེས་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་ནས། རིགས་སོ་སོའི་མང་ཚོགས་སེ་འབྲུ་ལྟར་དམ་པོར་འཁྱུད་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། མི་རིགས་ཆོས་ལུགས་བྱ་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པས། ངེས་པར་དུ་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་སྔར་ལས་རྒྱུན་འཁྱོངས་དང་ཤུགས་བསྣན་ནས། མི་རིགས་དང་ཆོས་ལུགས་བྱ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་མཐའ་གཅིག་ཏུ་བྱས་ཏེ། དུས་རབས་གསར་པའི་མི་རིགས་ཆོས་ལུགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས། ཆོས་ལུགས་བྱ་བའི་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱིས་རང་གིས་རང་ལ་སློབ་གསོ་གཏོང་བ་དང་། རང་གིས་རང་ལ་དོ་དམ་བྱེད་པ། རང་གིས་རང་ལ་གཅུན་སྡོམ་བྱེད་པ་བཅས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བཅས་བྱ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྣེ་ཁྲིད་གཏིང་ཟབ་ཏུ་གཏོང་བ། རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ས་ཁུལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱ་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་འགལ་བ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་། བྱུང་མ་ཐག་སེལ་ནས་མི་རིགས་ཆོས་ལུགས་བྱ་བའི་གཞི་རིམ་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། རིགས་སོ་སོའི་མང་ཚོགས་ཀྱི་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། སེམས་རྣལ་དུ་ཕབ་པ་དང་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་དུ་འཇུག་པ་དང་། མི་རིགས་འཆམ་མཐུན་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
ཝང་ཝེ་ཏུང་དང་པད་གོ ཀྲུའུ་ཞང་ཧྥེང་བཅས་རྟོག་ཞིབ་ལ་ཞུགས།