
ཟླ10པའི་ཚེས13ཉིན་གྱི་སྔ་དྲོར། གནམ་སའི་མགོ་ལོག གཙང་ཡུལ་ཕྱུགས་ར། འབྲི་གཡག་ཀོ་སྤྱིན་གྱི་ཕན་ནུས་ཞིབ་འཇུག་དང་ཐོན་ལས་མཉམ་འབྲེལ་ཡོངས་སྒྲོག་ཚོགས་འདུ་ཟི་ལིང་ཧའེ་ཧུའུ་ཁུལ་གསར་དུ་བསྡུས། ཐེངས་འདིའི་བྱ་འགུལ་ནི་ཀྲུང་གུང་པད་མ་རྫོང་ཨུ་དང་པད་མ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་། མཚོ་སྔོན་མི་རིགས་སློབ་ཆེན་གསོ་རིག་སློབ་གླིང་བཅས་ཀྱིས་རོགས་སྒྲུབ་བྱས་ཏེ། མཐོ་སྒང་འབྲི་གཡག་གི་ཞོར་ཐོན་དངོས་པོའི་རིན་ཐང་སྔོག་འདོན་ལ་དམིགས་པ་དང་། ཚན་ཞིབ་འབྲས་བུ་ཐོན་ལས་ཅན་དུ་སྒྱུར་བར་སྐུལ་འདེད་གཏང་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས་པ་ཞིག་རེད།

ཚོགས་ཐོག་ཏུ་པད་མ་འབྲི་གཡག་ཀོ་སྤྱིན་ཐོན་ལས་སྐྱེ་ཁམས་མཉམ་འབྲེལ་ཚོགས་པ་བཙུགས་པ་བསྒྲགས་པ་དང་མཉམ་ལས་གན་རྒྱ་བཞག ཁེ་ལས17བར་ཐོན་ལས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས། དེ་དང་ཆབས་ཅིག ཀྲུང་ལུགས་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གསུམ་ཆེད་མངག་ཐོན་ལས་མཁས་པར་བསྐོས་ནས། ཐོན་ལས་འཕེལ་རྒྱས་ལ་ཞིབ་འཇུག་ཕྱོགས་ཀྱི་འདེགས་སྐྱོར་ནུས་བ་བཏོན། ལས་རིགས་ཁྲོད་ཀྱི་ཆེད་མཁས་པ་བཞི་ཡིས་རང་ངོས་ཀྱི་ཞིབ་འཇུག་འབྲས་བུ་མཉམ་སྤྱོད་གནང་བ་དང་ཀོ་སྤྱིན་ཀྱི་ཚན་ཞིབ་ལ་དཔང་ཡིག་རྒྱུ་ཆ་མང་པོ་འདོན་སྤྲོད་བྱས། ཚོགས་ཐོག་ཏུ་ད་དུང་ཀོ་སྤྱིན་གྱི་ཐོན་རྫས་དྲུག་གསར་དུ་བསྒྲགས་པ་དང་། ཐོན་རྫས་འདི་དག་ལ་མ་ལག་ངོས་འཛིན་མང་པོ་ཐོབ་ཡོད་ཅིང་། འབྲེལ་ཡོད་ཀྱི་ཕན་ནུས་དང་གདེང་འཇོག་ནི་སྲོག་ཆགས་ཚོད་ལྟ་བརྒྱུད་ནས་ཐོན་པ་རེད།

རིམ་རྩིས་བྱས་ན་པད་མ་རྫོང་གིས་འབྲི་གཡག་གི་ནོར་ལྤགས་ཏུན90ལྷག་མངག་ཉོ་བྱས་ཤིང་། ནོར་གནག་གི་ཞོར་ཐོན་དངོས་པོའི་རིན་ཐང་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་། པད་མ་རྫོང་རྒྱུན་ཨུའི་རྫོང་དཔོན་གཞོན་པ་མགོན་པོ་ཚེ་རིང་གིས་ཐོན་ལས་མཉམ་འབྲེལ་ཚོགས་པ་བཙུགས་པ་དང་བསྟུན་ནས། ཚན་ཞིབ་གྲུབ་འབྲས་བེད་སྤྱོད་དང་འབྲོག་པ་མང་ཚོགས་ཀྱི་ཞོར་ཐོན་དངོས་པོའི་ཡོང་འབབ་ཇེ་མང་། རང་ས་གནས་མང་ཚོགས་ཀྱི་ལས་ཞུགས་འཕར་བ་བཅས་ལ་ཕན་ཞེས་བཤད་པ་དང་། རྗེས་མར་ས་གནས་འདིས་མ་བཅོས་རྒྱུ་ཆའི་ནད་དུག་བརྟག་བཤེར་གྱི་དཀའ་གནད་སེལ་ནས། ཁེ་ལས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་། ཧྲང་ཧའེ་དང་མཚོ་སྔོན་བར་གྱི་ཚན་ཞིབ་གཞོགས་འདེགས་གཏིང་ཟབ་དུ་སྤེལ་ནས། མཐོ་སྒང་འབྲོག་ཁུལ་གྱི་དཔལ་འབྱོར་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་བཤད།
ཐོན་སྐྱེད་འཁོར་ཁང་གི་འགན་འཁུར་མི་སྣ་ལའོ་ཡོན་གྲུ་ཡིས་ངོ་སྤྲོད་བྱས་པར། མིག་སྔར་ལས་གཞིའི་ཁྲོད་ཀྱི་འཁོར་ཁང་གི་སྒྲིག་བཀོད་གྲུབ་ཟིན་པ་དང་། ནོར་ལྤགས་ཀྱི་དྲི་མ་ལེན་པ། ཀོ་སྤྱིན་བཙགས་པ་སོགས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་གྱི་དུས་ཡིན་ཞེས་བཤད། ཐེངས་འདིའི་ཐོན་ལས་མཉམ་འབྲེལ་ཚོགས་པ་བཙུགས་པ་དེས། པད་མ་རྫོང་གི་ནོར་ལྤགས་ཐོན་ལས་དེ་རྐྱང་པ་ཅན་ནས་ཐོན་ལས་སྐྱེ་ཁམས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། ཚན་ཞིབ་དང་ཐོན་སྐྱེད། ཚོང་ར་བཅས་སྦྲེལ་ཐག་ཚང་མའི་དཀའ་གནད་སེལ་ནས། མཐོ་སྒང་གི་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་དང་སྤྱི་ཚོགས་ཁེ་ཕན་དུ་བསྒྱུར་བར་ཕན། །
