མཚོ་སྔོན་གྱིས“རྒན་བཀུར་ཟླ་བའི”རྒན་གསོའི་དངུལ་རྩའི་ཞབས་ཞུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྒན་གཅེས་རྒན་བཀུར་གྱི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་བཟང་དར་སྤེལ་བཏང་ནས། རྒན་གསོའི་དངུལ་རྩའི་ལས་དོན་ཆེན་པོ་དེ་ཏན་ཏིག་ངང་ཡག་པོར་སྒྲུབ་ཆེད། ཟླ10པའི་ཚེས12ཉིན། རྒན་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིང་ཆེན་ཏང་ཨུའི་དངུལ་རྩའི་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུས་དང་མཉམ་འབྲེལ་བྱས་ཏེ་ཟི་ལིང་གྲོང་ཁྱེར་ལྟེ་བའི་ཐང་ཆེན་དུ2026ལོའི་མཚོ་སྔོན་ཞིང་ཆེན་གྱི“རྒན་བཀུར་ཟླ་བའི”རྒན་གསོའི་དངུལ་རྩའི་ཞབས་ཞུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་དྲོད་ཚད་ལྡན་པ་དང་ནང་དོན་གཏིང་ཟབ་པ། རྒྱ་ཆེ་བ་བཅས་ཀྱི་རྒན་གསོའི་དངུལ་རྩའི་ཞབས་ཞུའི་སྐྱེ་ཁམས་བསྐྲུན་རྒྱུ་དེ་རེད།

བྱེད་སྒོ་སྤེལ་ཡུལ་དུ་རྒན་པའི་ཚོགས་སྤྱིའི་དངུལ་རྩའི་ཞབས་ཞུའི་དགོས་མཁོར་དམིགས་ནས། དངུལ་རྩའི་རྨང་གཞིའི་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། གློག་འཕྲིན་དྲ་རྒྱའི་མགོ་སྐོར་སྔོན་འགོག་དང་རྒྱུ་ནོར་བདག་གཉེར་དང་ཉེན་ཚབ་ཐོན་རྫས་ཀྱི་ཉེན་ཁའི་དྲན་སྐུལ་དྲིལ་བསྒྲགས་བྱས། གྱོད་གཞིར་བརྟེན་ནས་རྒན་གསོའི་མགོ་སྐོར་གྱི་རྒྱུན་མཐོང་གི་ཐབས་ལམ་འགྲེལ་བཤད་བྱས་པ་བརྒྱུད། རྒན་པའི“དངུལ་ཁུག”སྲུང་བ་དང་རྒན་པའི་ཚོགས་སྤྱིའི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱས། མཉམ་འགུལ་ཉམས་ལེན་ཁུལ་དུ། དུས་གཅིག་ཏུ་ཁམས་གསོ་བློ་འདྲི་དང་བདེ་ཐང་འོས་འགན་སྨན་བཅོས། རྒན་པའི་སློབ་གསོ་སོགས་རྒན་པར་འཚམ་པའི་ཞབས་ཞུའི་རྣམ་གྲངས་བཙུགས་ནས། སེམས་དྲོད་ཞབས་ཞུ་རྒན་པའི་གམ་དུ་སྐྱེལ་བ་དང་། རྒན་པའི་རྒྱུན་ལྡན་དགོས་མཁོར་ཕྱོགས་ཡོངས་ནས་ཞབས་འདེགས་ཞུས།

རྒྱུས་ལོན་པ་ལྟར་ན། རྒན་གསོའི་དངུལ་རྩའི་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩས་རྒན་གསོའི་ལས་དོན་ཞབས་ཞུའི་རྒན་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་འགའ》བཏོན་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ལ་གདེང་འཇོག་བྱེད་པའི་རྐྱེན་སྲོལ》བཟོས་ནས། ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིར་གཅིག་གཏད་གཅིག་གིས་རྒན་གསོའི་དངུལ་རྩའི་ཞབས་ཞུའི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས། སྡེ་ཁག་བར་གྱི་ཆ་འཕྲིན་བརྗེ་རེས་ལ་ཤུགས་བསྣན་ནས། ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་སོགས་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ། དངུལ་རྩའི་སྒྲིག་གཞིར་རྒན་གསོའི་ཞབས་ཞུའི་ལས་ཁུངས103དང་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ཕྱོགས་གསུམ་པའི་སྤྱི་ཚོགས་རྩ་འཛུགས42དང་། ཁམས་སྲུང་ཟས་རིགས་ཐོན་སྐྱེད་བྱེད་མཁན་ཁེ་ལས་16གི་མིང་ཐོ་སྤྲད་དེ། དངུལ་རྩའི་སྒྲིག་གཞི་ཁྱོན་ཡོངས་ལ་ཁྱབ་པའི་མ་དངུལ་བསྡུ་སྒྲིལ་ཐད་བཅར་འདྲི་བྱ་རྒྱུར་མཛུབ་ཁྲིད་བྱས་ནས། མ་དངུལ་བསྡུ་སྒྲིལ་གནད་འཁེལ་སྦྲེལ་མཐུད་ལ་སྐུལ་འདེད་བཏང་། “མཚོ་སྔོན་གྱི་ཡིད་རྟོན་མཉམ་འདྲེས”ལས་སྟེགས་སུ་རྒན་གསོའི་དངུལ་རྩའི་ནང་དོན་གསར་སྣོན་བྱས་ཏེ། གཞི་གྲངས་ཀྱི་རྨང་གཞི་བརྟན་པོ་ཞིག་གསར་གཏོད་བྱས། 2025ལོའི་ཟླ5པའི་ཚེས9ཉིན་ཞབས་ཞུའི་འཛད་སྤྱོད་དང་རྒན་གསོའི་དངུལ་བུན་བསྐྱར་མའི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ན་རྒན་གསོའི་ཐོན་ལས་ཀྱི་དངུལ་བུན་སྒོར་བྱེ་བ་བཞི་དང་ས་ཡ་བཞི་འབུམ་ལྔ་ཁྲི་བརྒྱད་སྟོང་དྲུག་ལྷག་བཏང་། 2026ལོའི་ཟླ8པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཐོན་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་གཉིས་ཁྲི་གསུམ་སྟོང་ལྔ་ལྷག་ཟིན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།