མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་བཙུགས་ནས་ལོ་ལྔ་འཁོར་བའི་བརྗོད་དོན་གཙོ་བོའི་པར་ལེན་འགྲེམས་སྟོན་འགོ་ཚུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས12ཉིན། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་བཙུགས་ནས་ལོ་ལྔ་འཁོར་བའི་བརྗོད་དོན་གཙོ་བོའི་པར་ལེན་འགྲེམས་སྟོན་ཟི་ལིང་དུ་འགོ་ཚུགས་པ་དང་། དངོས་བྲིས་པར་ལེན་བརྩམས་ཆོས100ཡིས་གདོད་མའི་མཐོང་ལམ་ནས་མཐོ་སྒང་གི་སྐྱེ་ཁམས་འཕོ་འགྱུར་གྱི་རྗེས་ཤུལ་ཟིན་ཐོ་བཀོད་པ་དང་། ལོ་ལྔའི་རིང་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་གསེད་བཀྲོལ་བྱས་ཏེ། སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་མཐོ་སྒང་སྐྱེ་དངོས་ཐམས་ཅད་ཀྱི་མཉམ་གནས་པར་རིས་གཅིག་བསྡུས་སྒོས་འགྲེམས་སྟོན་བྱས།

མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་ངེས་ནས། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ལ་གཞི་ཚུགས་ཏེ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ། མཚོ་སྔོན་པོ་སོགས་གཙོ་གནད་ས་ཁོངས་སུ་ཁྱབ་པའི་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་མ་ལག་གསར་གཏོད་བྱས་ནས་བསྐྲུན་ཏེ། མཚོ་སྔོན་གྱི་ཁྱད་ཆོས་དང་གཙང་གསུམ་ཆུ་འགོའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་གཉིས་ཕན་གྱི་ཐབས་ལམ་ཞིག་བཏོད་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་ལ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་འདེམས་སྒུག་ཁུལ་དུ་གླིང་འཛུགས་པ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འདེམས་སྒུག་ཁུལ་གཏོད་པའི་བྱ་བར་སྐུལ་འདེད་ཏན་ཏིག་བཏང་། དེ་དང་ཆབས་ཅིག རྒྱལ་ཁབ་སྤྱི་གླིང་གི་ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་སླར་གསོའི་བྱ་བར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ་བརླན་ས་སྲུང་སྐྱོབ་སླར་གསོར་སྐུལ་འདེད་གཏོང་བ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བས། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མ་ལག་རང་བཞིན་ཆེ་རུ་ཕྱིན་པ་དང་རྩ་ཆེའི་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱ་ཡུལ་རྒྱུན་མཐུད་ངང་རྒྱ་ཆེར་ཕྱིན་པ། རིགས་ཁྱུའི་གྲངས་འབོར་བརྟན་པོའི་ངང་འཕར་ནས། མཐོ་སྒང་གི་སྐྱེ་ཁམས་མ་ལག་སྔར་ལས་ཇེ་བརྟན་དུ་གྱུར་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས། ཐོན་ལས་སྤུས་འདེགས། རིག་གནས་རྒྱུན་འཛིན་བཅས་སྣ་མང་མཉམ་རྒྱལ་ཡོང་བ་དང་། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དཔེ་སྟོན་ཕན་ནུས་དང་ཟོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

པར་ལེན་འགྲེམས་སྟོན་དེ་དངོས་བྲིས་བརྙན་རིས་གཞི་རྟེན་དུ་བྱས་ནས། བརྩམས་ཆོས་གདམ་གསེས་བྱས་ཏེ་སྐྱེ་ཁམས་པར་ལེན་པ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བས་མཐོ་སྒང་གི་ས་གནས་གཙོ་བོ་པར་ལེན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་ལས་ཡུལ་དང་པོའི་གསོན་ཉམས་དོད་པའི་ལག་ལེན་ཆ་ཚང་ཉར་ཚགས་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གསོན་ཉམས་དོད་པའི་མཐོང་ཚོར་ཡིག་ཚགས་གྲུབ་ཡོད། པར་ལེན་འགྲེམས་སྟོན་སྟེགས་བུར་བྱས་ཏེ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྤྱི་ཚོགས་ལས་རིགས་སོ་སོས་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རྒྱུས་ལོན་དང་། སྐྱེ་ཁམས་སྲུང་སྐྱོབ་བྱ་སྤྱོད་ཁྲོད་རྒྱ་ཁྱབ་ངང་ཞུགས་ནས། མཉམ་དུ་མཐོ་སྒང་གི་སྐྱེ་ཁམས་མ་ལག་ཡུན་རིང་བརྟན་བརླིང་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།