ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”བརྗོད་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་འཚོགས་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་འབྲེལ་ཡོད་འགན་འཁུར་བས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།
ལས་ཞུགས་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། གཞོན་ནུའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས།
ཚེས10ཉིན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་འབྲེལ་ཡོད་འགན་འཁུར་བས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་རང་རྒྱལ་གྱིས་བྱེད་ཐབས་མང་པོ་བཏོན་ནས་གཞོན་ནུའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་ཡིན་པར་བསྟན།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་རྒྱལ་ཁབ་ཀྱིས་ཁྲལ་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ལས་ཞུགས་ཁ་གསབ་རོགས་དངུལ་སྤྲོད་པ། ལས་བརྟན་ཕྱིར་སློག་སོགས་ཀྱི་སྲིད་ཇུས་འཐུས་ཚང་དང་དོན་འཁྱོལ་བྱས་ནས། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་ལས་བརྟན་ལས་སྐྱེད་ལ་སྐུལ་ལྕག་གཏོང་རྒྱུ་རེད། ལས་ཁུངས་དང་། བྱ་ལས་སྡེ་ཚན། གཞུང་དབང་ཁེ་ལས་བཅས་ཀྱི་བསྡུ་ལེན་དང་གདན་ཞུའི་གཞི་ཁྱོན་ནུས་ཤུགས་ཡོད་རྒུས་བརྟན་པོ་ཡོང་བ་དང་། ནུབ་རྒྱུད་འཆར་འགོད་དང་དམིགས་བསལ་ལས་གནས་ཀྱི་དགེ་རྒན་སོགས་གཞི་རིམ་གྱི་ཞབས་ཞུའི་རྣམ་གྲངས་གཅིག་གྱུར་འཆར་འགོད་དང་ལག་བསྟར་བྱ་རྒྱུ་རེད། དུས་མཚུངས་སུ་ལས་རིགས་གསར་པ་དང་ལས་གནས་གསར་པ་གསོ་སྐྱོང་ཤུགས་ཆེན་བྱས་ནས། གཞོན་ནུའི་ལས་ཞུགས་ཀྱི་འཕར་གཞི་རྒྱ་ཆེར་གཏོང་གང་ཐུབ་བྱ་རྒྱུ་རེད།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ལས་ཞུགས་སྐུལ་འདེད་སིའི་སི་ཀྲང་སུང་ཞིན་གྱིས་མཚམས་སྦྱོར་བྱེད་རྒྱུར། ལོ་ཧྲིལ་པོར་རྒྱུན་ཆད་མེད་པར“ལས་གནས་ཀྱིས་འབྱུང་འགྱུར་སྣེ་ཁྲིད་བྱེད་པའི”གདན་ཞུའི་ཞབས་ཞུ་རབ་དང་རིམ་པ་སྤེལ་ནས། ནུས་ཆེའི་སྙོམ་སྒྲིག་ལ་སྐུལ་འདེད་གཏོང་དགོས། ཁྲོམ་རའི་དགོས་མཁོ་དང་འཚམ་པ་དང་གཞོན་ནུའི་ལས་ཞུགས་ལ་འཕྲལ་དུ་མཁོ་བའི་གསོ་སྦྱོང་རྣམ་གྲངས་ཁག་གཅིག་འདོན་པ་དང་། ལྷག་པར་དུ་མིག་སྔར་ཀུན་གྱིས་དོ་སྣང་བྱེད་པའི་མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཁེ་ལས་སྣ་ཚོགས་སྐུལ་སློང་ཧུར་ཐག་བྱས་ནས་སྤུས་ལེགས་ཀྱི་ལས་ཞུགས་ལྟ་སྦྱོང་ལས་གནས་ཁག་གཅིག་མཁོ་འདོན་བྱས་ཏེ། མཐར་ཕྱིན་སློབ་མས་ལས་ཀ་ངོ་མ་དང་ཁོར་ཡུག་ངོ་མའི་ཁྲོད་ནུས་པ་ཆེ་རུ་གཏོང་རོགས་བྱེད་དགོས།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་རྩལ་ནུས་ལག་ཁྱེར་མི་ཐེངས་ཁྲི4000གསར་དུ་ཐོབ་རྒྱུ་ཡིན་པ།
ཡོངས་བསྒྲགས་ཚོགས་འདུའི་ཐོག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་འབྲེལ་ཡོད་འགན་འཁུར་བས་ད་དུང་མཚམས་སྦྱོར་བྱེད་རྒྱུར།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་རྒྱལ་ཁབ་ཀྱིས་ལོ་ལྟར་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི1000བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་དང་། ལོ་ལྔའི་ནང་རྩལ་ནུས་ལག་ཁྱེར་མི་ཐེངས་ཁྲི4000གསར་དུ་ཐོབ་པའི་ནང་། མཐོ་རིམ་བཟོ་པ་ཡན་གྱི་རྩལ་ནུས་ལག་ཁྱེར་མི་ཐེངས་ཁྲི1400ཐོབ་རྒྱུ་ཡིན་ཟེར།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་རྒྱལ་ཁབ་ཀྱིས་མིས་བཟོས་རིག་ནུས་དང་སྔོན་ཐོན་བཟོ་སྐྲུན་སོགས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང“རྒན་གྲས་གཅིག་དང་ཆུང་གྲས་གཅིག”གི་དམངས་འཚོའི་ཞབས་ཞུའི་དགོས་མཁོ་དང་འབྲེལ་མཐུད་དམ་ཟབ་བྱས་ནས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་དགོས་མཁོར་དམིགས་ཏེ། དགོས་མཁོ་ཆེ་བའི་གསོ་སྦྱོང་རྣམ་གྲངས་ཀྱི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱུ་རེད།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ལི་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ངལ་རྩོལ་པ་ཡོངས་ལ་མིས་བཟོས་རིག་ནུས་ཀྱི་ཀུན་ཤེས་སློབ་གསོ་སྤེལ་བ་དང་། ཆེད་དོན་ལས་གནས་ཀྱི་ལས་གཉེར་པར་གྲངས་གཞིའི་བཟོ་སྐྲུན་དགེ་རྒན་གསོ་སྐྱོང་བྱེད་པ། སློབ་གླིང་དང་སློབ་གྲྭའི་སློབ་མར་མིས་བཟོས་རིག་ནུས་ཀྱི་འབྲེལ་ཡོད་གསོ་སྦྱོང་བྱེད་པ་བཅས་བྱས་ནས། དམངས་ཡོངས་ཀྱི་མིས་བཟོས་རིག་ནུས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད། ཚེ་གང་གི་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་ལས་ཁུངས་ཀྱི་གློག་རྡུལ་ས་བཀྲ་འཛུགས་པ་དང་། རྩལ་ནུས་གསོ་སྦྱོང་གི་གློག་རྡུལ་ཡིག་ཚགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ངལ་རྩོལ་པའི་ལས་རིགས་ཀྱི་འཚོ་བ་ཧྲིལ་པོ་འཕེལ་རྒྱས་གཏོང་བར་སྔར་ལས་ལྷག་པར་རྒྱབ་སྐྱོར་ནུས་ལྡན་བྱ་དགོས།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་རྒྱལ་ཁབ་ཀྱིས་རྒྱལ་ཁབ་རིམ་པའི་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་དང་། རྩལ་ནུས་མཁས་ཅན་གྱི་ལས་དོན་ཁང་། སྤྱི་པའི་དངོས་སྦྱོང་རྟེན་གཞི། ཁེ་ལས་ཀྱི་དངོས་སྦྱོང་རྟེན་གཞི། རྩལ་ནུས་འགྲན་བསྡུར་ཆེན་མོའི་བསྡུ་སྦྱོང་རྟེན་གཞི་བཅས་ཁག་གཅིག་འཛུགས་སྐྲུན་བྱ་རྒྱུ་རེད། ལག་རྩལ་བཟོ་པའི་སློབ་གསོའི་རྨང་གཞིའི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ནས་སྤུས་ལེགས་ལག་རྩལ་པའི་སློབ་གླིང་ཁག་གཅིག་དང་སྤུས་ལེགས་ཆེད་ལས100བསྐྲུན་པ་དང་། ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭའི་རྐང་འཛིན་དགེ་རྒན་ཁྲི1སྒྲིག་འཛུགས་བྱས་ནས། བཟོ་སྦྱོང་གཞི་གཅིག་ཅན་གྱི་དགེ་རྒན་གསོ་སྦྱོང་ནང་ཞུགས་སུ་བཅུག་སྟེ། ལག་རྩལ་བཟོ་པའི་སློབ་གསོའི་སྤུས་ཚད་མཐོ་བའི་ཁྱད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཐོན་ལས་འཕེལ་རྒྱས་ལ་དམིགས་ནས། ལས་རིགས་གསར་པ་དེ་བས་མང་པོ་སྐྱེད་སྲིང་བྱེད་དགོས།
གཞན་ཡང་། ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་དུང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་རང་རྒྱལ་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ལས་རིགས་གསར་པ་དེ་བས་མང་པོ་གསར་སྤེལ་དང་སྐྱེད་སྲིང་བྱ་རྒྱུ་ཡིན་པར་ངོ་སྤྲོད་བྱས།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་རང་རྒྱལ་གྱིས་རིམ་རྩིས་བྱས་ན་ལས་རིགས་གསར་པ72དང་ལས་རྣམ་གསར་པ་བརྒྱ་ཙམ་ཁྱབ་བསྒྲགས་བྱས་པ་དང་། ད་ལོའི་ཚུན་སླར་ཡང་ལས་རིགས་གསར་པ11དང་ལས་རྣམ་གསར་པ23ཁྱབ་བསྒྲགས་བྱས་ཡོད། རྗེས་མར་རྒྱལ་ཁབ་ཀྱིས་ཐོན་ལས་ལས་གནས་ཀྱི་འགྱུར་ལྡོག་གནས་ཚུལ་གྱི་རྗེས་སུ་དམ་པོར་བསྙེགས་ནས། ལས་རིགས་རིགས་དབྱེ་དང་ལས་རིགས་ཚད་གཞི། ལས་རིགས་གསར་པ་བཅས་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་རེད།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ལས་རིགས་ནུས་པ་འཛུགས་སྐྱོང་སིའི་སི་ཀྲང་ཝུའུ་ལི་ཏུའོ་ཡིས་བསྟན་དོན། མིས་བཟོས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ཐཱན་ཉུང་། དེང་རབས་ཞབས་ཞུ་སོགས་གསར་དར་ཁྱབ་ཁོངས་ལ་དམིགས་ནས་ལས་རིགས་གསར་པའི་ཆ་འཕྲིན་བསྡུ་རུབ་བྱེད་ཀྱིན་ཡོད། ལས་རིགས་ཁག་དང་། ཚན་རིག་ཞིབ་འཇུག་ལས་ཁུངས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་སྙན་ཞུའི་ཐབས་ལམ་རྒྱུན་ཆད་མེད་པར་ཤར་གཏོང་ཐུབ་པ་དང་། ལས་ཞུགས་གཞི་ཁྱོན་ཆེ་བ་དང་འཕེལ་རྒྱས་ཀྱི་མདུན་ལམ་ཆེ་བའི་གསར་དར་ལས་གནས་ཁག་གཅིག་དུས་ཐོག་ཏུ་ལས་རིགས་གསར་པར་གཏན་འཁེལ་བྱས་ནས། སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་ཏེ་ལས་ཞུགས་གསར་པར་ཁྲིད་སྟོན་བྱེད་དགོས།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི200ཡན་བཟོ་བཅོས་རྒྱག་རྩིས་ཡོད།
ལས་རིགས་གསར་པའི་ཚད་གཞིར་བརྟེན་ནས། ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭའི་ཆེད་ལས་བཀོད་སྒྲིག་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཁེ་ལས་གསོ་སྦྱོང་སྒྲིག་གཞིས་མངགས་ཐོ་རྣམ་པ་དང་ཁ་ཕྱོགས་གཏན་འཁེལ་རྣམ་པའི་གསོ་སྦྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ལས་རིགས་གསར་པ་དེ་རྩལ་ནུས་ཤེས་ལྡན་མི་སྣའི་གདེང་འཇོག་ཁྱབ་ཁོངས་ནང་བཅུག་ནས། ངལ་རྩོལ་པ་དེ་བས་མང་པོས་རྩལ་ནུས་གསར་པ་ཁོང་དུ་ཆུད་པ་དང་ལས་རིགས་གསར་པར་ཞུགས་རྒྱུར་སྐུལ་ཁྲིད་བྱེད་དགོས། །