ཟས་རིགས་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བསམ་འཆར་བསྡུ་ལེན་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཟླ10པའི་ཚེས10ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་འགན་སྲུང་བྱ་ཆེད། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཉེ་ཆར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཟིན)》བཟོས་ནས་སྤྱི་ཚོགས་ཡོངས་ལ་བསམ་འཆར་བསྡུ་ལེན་བྱས།

བཟོ་བཅོས་ནང་དོན་གཙོ་བོ་ཁག་ལྔ་ཡོད་དེ། བྱེད་པོའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་དགོས། ཟས་རིགས་ཐོན་སྐྱེད་ཁེ་ལས་དང་དྲ་རྒྱའི་ཟས་རིགས་ཉོ་ཚོང་སྟེགས་བུའི་གཉེར་སྐྱོང་པས་གཏན་འབེབས་ལྟར་ཟས་རིགས་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པ་དང་ཟས་རིགས་བདེ་འཇགས་མི་སྣ་བཀོད་སྒྲིག་བྱེད་པ་དང་། ལས་གནས་ཀྱི་འགན་འཁྲི་གསལ་པོ་བཟོ་བ། གསོ་སྦྱོང་དཔྱད་ཞིབ་ནན་པོ་བཅས་བྱེད་དགོས་པ་གཏན་འཁེལ་བྱས་ཡོད། ཟས་རིགས་ཐོན་སྐྱེད་ཁེ་ལས་ཀྱིས་ཟས་རིགས་བརྒྱུད་རིམ་ཚོད་འཛིན་ཟིན་ཐོ་འགོད་པའི་ལམ་ལུགས་འཛུགས་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱིས་མིང་དངོས་ཐོ་འགོད་དང་། བསྐུར་སྐབས་བརྟག་ཞིབ། འཕྲུལ་ཆས་བརྒྱུད་དེ་བརྟག་དཔྱད་སོགས་ཀྱི་ལམ་ལུགས་བཙུགས་ཡོད། ཐོན་རྫས་ཐོན་སྐྱེད་བྱེད་སྟངས་ཚད་ལྡན་དུ་བཏང་སྟེ་མངགས་བཅོལ་བྱེད་མཁན་དང་ལེན་མཁན་གཉིས་ཀྱི་ཐོབ་ཐང་ཆ་རྐྱེན་གསལ་བོར་བསྟན་ཡོད།

ཁྱབ་ཁོངས་གཙོ་གནད་ཅན་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དགོས།"སློབ་གྲྭའི་ཟས་རིགས"ཞེས་པའི་ཆེད་དོན་ཞིག་བསྣན་ཏེ། དགེ་རྒན་ནམ་སློབ་སྤྱིའི་འགན་འཁུར་ལམ་ལུགས་བཙུགས་པ་དང་། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གིས་མཉམ་དུ་ཟ་མ་བཟའ་བར་ཞུགས་པའི་ལམ་ལུགས་ལག་བསྟར་བྱས་ཤིང་།"དྲ་ཐོག་ཟས་རིགས་ཚོང་ལས"ཞེས་པའི་ལེའུ་གསར་པ་ཞིག་ཀྱང་ཁ་སྣོན་བྱས་ཏེ། རིམ་པ་དབྱེ་ནས་སྙན་སེང་ཞུ་བའི་དོ་དམ་ལག་བསྟར་བྱེད་པ་དང་། སྟེགས་བུ་དང་ཐད་གཏོང་ཁང་གི་ལས་འཛིན་མི་སྣ། ཐད་གཏོང་ཚོང་ལས་མི་སྣ་སོགས་ཕྱོགས་སོ་སོའི་འགན་འཁྲི་གསལ་བོར་བསྟན་ཡོད། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ཁེ་ལས་ཀྱིས་རང་གི་མངའ་ཁོངས་སུ་ནང་འདྲེན་བྱས་པའི་ཟས་རིགས་དང་། སྦྱོར་རྟ། འབྲེལ་ཡོད་ཐོན་རྫས་བཅས་ཀྱི་བདེ་འཇགས་ཐད་འགན་འཁྲི་གཙོ་བོ་འཁུར་དགོས་པ་གསལ་བཤད་བྱས་ཡོད།

ཟས་རིགས་བདེ་འཇགས་དོ་དམ་ལམ་ལུགས་ལེགས་བཅོས་བྱེད་དགོས། ཟས་རིགས་ཉེན་ཁ་ཞིབ་དཔྱད་ཚད་འཇལ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ་ཟས་རིགས་སྦྱོར་བ་རྫས་དང་འབྲེལ་བ་དམ་ཟབ་ཏུ་གཏོང་བ་དང་། བྱིས་པར་མཁོ་བའི་ཞོར་ཟས་རྣམས་དམིགས་བསལ་ཟས་རིགས་ཀྱི་གྲས་སུ་བཅུག་སྟེ་སྙན་ཞུ་འབུལ་བའི་དོ་དམ་ལག་བསྟར་བྱེད་པ། ཟས་རིགས་ཀྱི་མཚོན་རྟགས་དང་ཚོང་ལས་དྲིལ་བསྒྲགས་ཚད་ལྡན་བཟོ་བ་དང་རྫུན་གཏམ་མགོ་སྐོར་བསླུ་བྲིད་རིགས་བཀག་འགོག་ནན་མོ་བྱེད་པ། ཟས་རིགས་སྤུས་ཚད་བརྟག་དཔྱད་དོ་དམ་དྲག་པོ་བྱེད་པ་དང་མངག་བཅོལ་བརྟག་དཔྱད་བྱ་སྤྱོད་ཚད་ལྡན་དུ་བཏང་བ་བཅས་ཡིན།

ཤེས་རིག་ལྟ་སྐུལ་དོ་དམ་དར་སྤེལ་གཏོང་དགོས། "དྲ་རྒྱ+མི་ཐབས་རིག་ནུས"ཀྱི་ལྟ་སྐུལ་བེད་སྤྱོད་ཁྱབ་གདལ་གཏོང་བ་དང་། ཟས་རིགས་ཐོན་སྐྱེད་ཁེ་ལས་ཀྱིས་ངེས་པར་དུ་ཟས་རིགས་ཐོན་སྐྱེད་ཉེན་ཁའི་གནད་འགག་ཆེ་སར་བརྙན་མིག་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས། དུས་ཐོག་བརྙན་རིས་ཆ་འཕྲིན་ས་གནས་སྲིད་གཞུང་རིམ་པའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གི་མ་ལག་ནང་སྦྲེལ་མཐུད་བྱེད་དགོས་པའི་རེ་བ་བཏོན་པ་དང་། ལྟ་སྐུལ་སྡེ་ཚན་ལ་དངོས་སྦྲེལ་དྲ་བ་བརྒྱུད་དེ། ལྟ་སྐུལ་དང་བརྙན་འཕྲིན་རྒྱང་བཤེར་སོགས་ཡུལ་དངོས་མིན་པའི་ཁྲིམས་སྒྱུར་དབང་ཆ་སྤྲད་ཡོད།

ཁྲིམས་ལུགས་འགན་འཁྲི་འཐུས་ཚང་དུ་གཏོང་དགོས། ཁྲིམས་འགལ་གྱི་རིགས་དབྱེ་ནས་ཆད་པ་གཅོད་ཤུགས་ཆེ་ཆུང་མི་འདྲ་བ་གཏན་འབེབས་བྱས་པ་དང་།"ཉེས་ཆད་མི་སྒེར་ལ་འགེལ་བའི"རྩ་དོན་ནན་ཏན་ངང་ལག་བསྟར་བྱས་ཏེ། བསམ་བཞིན་དུ་ཉེས་པ་བསགས་པ་དང་ངོ་བོ་ངན་པ། མཇུག་འབྲས་ཚབས་ཆེན་བྱུང་བའི་ཉེས་ཅན་ཚོར་ཆད་པ་གཅོད་པ་དང་། འོས་འགན་གསར་དུ་བསྣན་པ་དག་དང་འབྲེལ་བའི་དོན་ཚན་ཁ་གསབ་བྱས་ཏེ་ཁྲིམས་འགལ་གྱི་རིན་གོང་ཇེ་མཐོ་རུ་བཏང་བ། ཟས་རིགས་ཡིད་རྟོན་དོ་དམ་ལམ་ལུགས་ལག་བསྟར་བྱས་ནས། ལས་ཁུངས་ཕན་ཚུན་མཉམ་འབྲེལ་གྱིས་ཡིད་ཆེས་མེད་པའི་མིར་ཆད་པ་བཅད་པ་བཅས་ཡིན།

རྗེས་མར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཡོངས་བསྒྲགས་བསམ་འཆར་བསྡུ་ལེན་གྱི་ལན་འདེབས་གནས་ཚུལ་གཞིར་བཟུང་ནས་བཟོ་བཅོས་འཆར་ཟིན་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་འཛུགས་གོ་རིམ་གྱི་རེ་འདུན་བཞིན་བཟོ་བཅོས་ལས་དོན་ཇེ་མགྱོགས་སུ་སྤེལ་རྒྱུ་ཡིན་ཞིང་། དེས་ཟས་རིགས་ཐོན་སྐྱེད་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་དང་སེལ་པ། ལྟ་སྐུལ་ཁྲིམས་སྒྱུར་ནུས་པ་ཇེ་ཆེར་གཏོང་བ། མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་སྲུང་སྐྱོབ་བྱེད་པ་བཅས་ལ་ཁྲིམས་ལུགས་ཀྱི་རྨང་གཞི་བརྟན་པོ་འདོན་སྤྲོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།