ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་གསལ་ལྟར་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རེས་སྐོར་གསུམ་པའི་ཁག་བདུན་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁྱོན་ཡོངས་ནས་མགོ་བརྩམས།
ཐེངས་འདིར་ལྟ་ཞིབ་བྱེད་སྐབས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྒྱུན་ལྡན་ལྟ་ཞིབ་ཚོགས་ཆུང2བཙུགས་ནས། སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་པུའུ་དང་ཞིང་ལས་དང་གྲོང་གསེབ་པུའུ་སོ་སོར་རྒྱུན་ལྡན་ལྟ་ཞིབ་བྱས་པ་དང་། བཅའ་སྡོད་དུས་ཚོད་ཟླ་བ་གཅིག་ཡིན་པ་རེད། དེ་དང་ཆབས་ཅིག ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་ཞིབ་ཚོགས་ཆུང3བཙུགས་ནས། ཧུའུ་པེ་དང་། ཧུའུ་ནན། ཀོང་ཞི་བཅས་ཞིང་ཆེན(རང་སྐྱོང་ལྗོངས)3དང་། ཁྲུང་ཆིང་དང་སི་ཁྲོན་ཞིང་ཆེན(གྲོང་ཁྱེར)2། ཀུའེ་ཀྲོའུ་དང་ཡུན་ནན་ཞིང་ཆེན2བཅས་སུ་བྲག་ཞུན་བྲག་ཕུག་དང་། གནམ་དོང་། རི་ལུང་བཅས་ཀྱི་སྦགས་བཙོག་གནད་དོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་ཞིབ་སྤེལ་རྒྱུ་ཡིན་པ་དང་། བཅའ་སྡོད་དུས་ཡུན་གཟའ་འཁོར་གཉིས་ཡས་མས་ཡིན་པ་རེད།
བཅའ་སྡོད་བྱེད་པའི་རིང་། རྒྱུན་ལྡན་ལྟ་ཞིབ་ཚོགས་ཆུང2ཀྱིས་འབྲེལ་གཏུག་ཁ་པར་དང་སྦྲག་སྲིད་ཡིག་སྒམ་སོ་སོར་བཙུགས་ནས། ལྟ་ཞིབ་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་འཕྲིན་ཡིག་དང་གློག་འཕྲིན། འཕྲིན་བཅར་བཅས་ཀྱི་ཐེར་འདོན་བདག་སྤྲོད་བྱ་རྒྱུ་རེད།
དེ་དང་ཆབས་ཅིག་གསར་འགོད་པས་ཤེས་གསལ་ལྟར་ན། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་འགན་ལེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་བྱ་ཆེད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་མགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཆེད་མངགས་སྒོས་གོང་གསལ་ལྟ་ཞིབ་བྱ་ཡུལ་ལ་ཡི་གེ་སྤྲིངས་ནས། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པར་ཁྲིམས་ལྟར་ལྟ་སྐུལ་བྱེད་ཞོར་དང་ལེགས་བཅོས་བྱེད་ཞོར་སྐུལ་འདེད་གཏོང་བ། “གཅིག་དཔེ་བརྒྱ་འགེབས”བྱེད་མི་ཆོག་པ་མ་ཟད། ལྟ་ཞིབ་སྣེ་ལེན་བཀོད་སྒྲིག་སྟབས་བདེར་བཟོས་ནས་གཞི་རིམ་གྱི་ཁུར་བོ་དངོས་གནས་ཇེ་ཡང་དུ་གཏོང་རྒྱུའི་བླང་བྱ་བཏོན་ཡོད།
ཡིག་ཆའི་ནང་། འབྲེལ་ཡོད་སྡེ་ཚན་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱིས་གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པར་ཁྲིམས་ལྟར་ལྟ་སྐུལ་བྱེད་ཞོར་དང་ལེགས་བཅོས་བྱེད་ཞོར་སྐུལ་འདེད་གཏོང་དགོས། རྒྱུན་ལྡན་ལྟ་ཞིབ་ཚོགས་ཆུང་གིས་བདག་སྤྲོད་དང་བརྒྱུད་སྒྲུབ་བྱས་པའི་མང་ཚོགས་ཀྱི་འཕྲིན་བཅར་ཐེར་འདོན་གནད་དོན་ཐད། འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་དཔྱད་ནན་ཏན་དང་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་ཆེ་བའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་འབུར་ཐོན་ཐག་གཅོད་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དང་དངོས་ཐོག་བདེན་འཚོལ་བྱེད་པ་ལས“ལས་འགུལ་རྣམ་པའི”དག་ཐེར་ཡོ་བསྲང་བྱེད་མི་རུང་བའི་བླང་བྱ་བཏོན་ཡོད།
ཡིག་ཆའི་ནང་། ལྟ་ཞིབ་ལ་ཁ་གཏད་གཅོག་ཆེད་བྲེལ་མྱུར་ངང་ལས་མཚམས་འཇོག་པ་དང་། གཉེར་མཚམས་འཇོག་པ། ཐོན་སྐྱེད་མཚམས་འཇོག་པ་སོགས་སྟབས་བདེ་དང་རྩུབ་སྤྱོད་ཀྱི་བྱ་སྤྱོད་དང་དེ་བཞིན“ཚང་མ་སྒོ་རྒྱག་པ”དང“སྔོན་ལ་སྒོ་བརྒྱབ་རྗེས་བཤད་པ”སོགས་ཀྱི་སླ་བཅོས་ཁ་གཏད་བྱེད་ཐབས་གཏན་འགོག་བྱེད་དགོས། འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། ཐད་ཀར་དག་ཐེར་ཡོ་བསྲང་གི་ལས་ཀའི་འགན་འཁུར་སྡེ་ཚན་དང་མི་སྣར་དུས་ཚོད་འདང་ངེས་ཤིག་བཞག་ནས། ཐག་གཅོད་འོས་འཚམ་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ལ། རིམ་པ་བཞིན་ལས་ཀ་བགོ་བ་དང། རིམ་པ་བཞིན་ཇེ་མགྱོགས་སུ་གཏོང་བ་གཏན་འགོག་བྱ་དགོས། “གཅིག་དཔེ་བརྒྱ་འགེབས”ཀྱི་བྱེད་ཐབས་སྤྱད་དེ། ལྟ་ཞིབ་ལ་སྒྱིད་ལུག་གིས་ཁ་གཏད་གཅོག་མཁན་ལ་ལྟ་ཞིབ་ཚོགས་ཆུང་གིས་ཐག་གཅོད་ནན་མོ་བྱས་ཏེ། གནད་དོན་གཅིག་ཤེས་རྟོགས་བྱུང་ན་གནད་དོན་གཅིག་ཞིབ་བཤེར་ཐག་གཅོད་བྱ་དགོས་པར་ནན་གྱིས་བསྟན་ཡོད།
ཡིག་ཆའི་ནང་། འབྲེལ་ཡོད་སྡེ་ཚན་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱིས་ལྟ་ཞིབ་བྱེད་རིང་། འགན་འཁྲི་བདའ་འདེད་གཏོང་དགོས་པའི་འབུར་ཐོན་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ“གཟབ་ནན་དང་། གནད་འཁེལ། ནུས་ལྡན”བཅས་ཀྱི་རྩ་དོན་གཞིར་བཟུང་འགན་འཁྲི་བདའ་འདེད་ལས་དོན་ཡག་པོ་བསྒྲུབས་པ་དང་། འགན་འཁྲི་བདའ་འདེད་ཀྱིས་དག་ཐེར་ལེགས་བཅོས་ཀྱི་ཚབ་བྱེད་པ་དང་། དེ་བཞིན་འགན་འཁྲི་གང་བྱུང་དུ་བདའ་འདེད་གཏོང་བ་དང་། གང་འདོད་དུ་འགན་འཁྲི་བགོ་བ། སྟབས་བདེ་ཅན་གྱི་འགན་འཁྲི་བདའ་འདེད་གཏོང་བ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །