སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་ཇེ་བརྟན་དུ་གཏོང་དགོས་པ་བསྟན་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། ས་གནས་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རི་ཆུ་ནགས་གསུམ་དང་། ཞིང་ས་དང་མཚེའུ། རྩྭ་ཐང་དང་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་མཛེས་སྡུག་ལྡན་པའི་ཀྲུང་གོའི་རི་མོ་གསར་པ་བྲིས།
སྟོན་ཀའི་ཡུན་ནན་ཏ་ལི་ཨེར་ཧའེ་ནི་རླབས་སྔོན་ཆལ་ཆིལ་དུ་གཡོ་ཞིང་། རྒྱ་མཚོའི་པད་ཚལ་མཚོོ་ངོས་སུ་གཡེང་ཡོད། སྔར་ཨེར་ཧའེ་རྒྱ་མཚོ་གསར་སྤེལ་དང་བེད་སྤྱོད་བྱས་དྲགས་པས། ཆུ་སྤུས་ཇེ་ཞན་དུ་གྱུར་ནས་ཆུ་སྤུས་བཟང་དགོས་པའི་རྒྱ་མཚོའི་པད་ཚལ་ཧ་ལམ་མེད་པར་གྱུར། 2015ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཨེར་ཧའེ་མཚོ་མོའི་འགྲམ་དུ་ཕེབས་ནས། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་མོད། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་མི་རུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་དུས་ཡུན་རིང་པོའི་ལས་འགན་ཞིག་ཡིན་པས་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས་ཞེས་ནན་གྱིས་བསྟན། 2020ལོར་སྤྱི་ཁྱབ་ཧྲུའུ་ཅི་ཡང་བསྐྱར་ཡུན་ནན་དུ་རྟོག་ཞིབ་གནང་བར་ཕེབས་སྐབས“དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་ལ་སྔོན་དུ་སྦག་བཙོག་དང་རྗེས་སུ་བཅོས་སྐྱོང་བྱེད་པའི་ལམ་རྙིང་དུ་གཏན་ནས་སྐྱོད་མི་རུང་ཞེས་བསྟན།
2025ལོར་སྤྱི་ཁྱབ་ཧྲུའུ་ཅི་ཡུན་ནན་དུ་ཐེངས་གསུམ་པར་རྟོག་ཞིབ་གནང་བར་ཕེབས་དུས་ཁྱབ་ཁོངས་གཙོ་བོའི་སྦགས་བཙོག་འགོག་བཅོས་དང་མཚེའུ་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་བཏོན།
སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ཡུན་ནན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཨེར་ཧའེ་རྒྱ་མཚོའི་འགྲམ་རྒྱུད་དུ་སྤྱི་ལེ5700ལྷག་ཡོད་པའི་བཙོག་ཆུ་མདོང་ལམ་དྲ་བ་བསྐྲུན་པས་བཙོག་ཆུ་དང་གད་སྙིགས་ཁྱོན་ཡོངས་ནས་བསྡུ་རུབ་བྱས་ཡོད། མཚེའུ་དང་ཆུ་བོ27གྱི་ཆུའི་སྤུས་ཀའི་ལེགས་ཚད100%ལ་སླེབས་ཡོད། ད་ལོར། ཏ་ལི་ཡིས་ཨར་ཧའེ་འབབ་རྒྱུད་ཀྱི་དུས་མཚམས་ཧྲིལ་པོར་རིག་ནུས་ལྟ་ཞིབ་ཚད་ལེན་དྲ་རྒྱ་མགྱོགས་མྱུར་བསྐྲུན་ནས་མཚོ་འགྲམ་འདམ་རའི་དོ་དམ་སྲུང་སྐྱོབ་དང་རི་སྐྱེས་ཆུ་བྱ་འཚོ་སྡོད་ཁུལ་གྱི་སྐོར་སྲུང་ལ་ཤུགས་བསྣན་པ་རེད། ཨར་ཧའེ་རྒྱ་མཚོའི་འབབ་རྒྱུད་ཀྱི་སྐྱེ་ལྡན་བེད་མེད་དངོས་པོ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱ་རྒྱུར་སྔར་བས་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས།
ད་ལྟའི་ཨེར་ཧའེ་རྒྱ་མཚོའི་ཆུའི་སྤུས་ཚད་མུ་མཐུད་ངང་བརྟན་པོ་བྱུང་ཡོད། རྒྱ་མཚོའི་པད་ཚལ་ཁྱབ་རྒྱ་དེ་ལོ་ལྔའི་སྔོན་གྱི་སྨི་གྲུ་བཞི་མ་ཁྲི9ནས་ད་ལྟའི་སྨི་གྲུ་བཞི་མ་དགུ་འབུམ་ལྔ་ཁྲི་བར་ཆེ་རུ་ཕྱིན་ཡོད། མི་རྣམས་རི་ཆུའི་བར་དུ་འཆམ་འཆམ་དུ་འགྲོ་བ་དང་། སྐྱེ་ཁམས་ཀྱི་མཛེས་སྡུག་ཉམས་སུ་མྱོང་བཞིན་ཡོད།
ཡུན་ནན་ཏ་ལི་གྲོང་ཁྱེར་ཨར་པིན་སྡེ་བའི་སྡེ་མི་ལི་ཧུང་ཧྥང་གིས་བཤད་རྒྱུར། ང་ཆུང་དུས་ནས་ཨེར་ཧའེ་རྒྱ་མཚོའི་འགྲམ་དུ་འཚར་ལོངས་བྱུང་བ་ཡིན། ཨེར་ཧེ་རྒྱ་མཚོའི་འགྱུར་བ་རེ་རེ་ང་ཚོས་མིག་གིས་མཐོང་ཡོད། ད་ལྟ་རྒྱ་མཚོའི་པད་ཚལ་མེ་ཏོག་ཀྱང་བཞད་ཡོད། ཁྱིམ་གྱི་སྒོ་འགྲམ་ནི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཡིན་པ་དང་ཡུལ་སྐོར་བའང་ཇེ་མང་དུ་གྱུར་ཡོད། མང་ཚོགས་ཀྱི་འཚོ་བ་ལོ་རེ་ལས་ལོ་རེར་ཇེ་སྐྱིད་རེད།
འགྱུར་ལྡོག་བྱུང་བ་ནི་ཨེར་ཧའེ་རྒྱ་མཚོ་ཁོ་ན་ཙམ་མིན་པར། རང་རྒྱལ་གྱི་འབྲི་ཆུའི་གཞུང་རྒྱུན་བསྟུད་མར་ལོ་དྲུག་དང་རྨ་ཆུའི་གཞུང་རྒྱུན་བསྟུད་མར་ལོ་བཞི་ལ་ལམ་ཐིག་ཧྲིལ་པོ་རིམ་པ་གཉིས་རིགས་ཀྱི་ཆུའི་སྤུས་ཚད་བརྟན་པོ་བྱུང་བ་དང་། ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་བཙོག་ཆུ་དྲི་ཅན་གཞི་རྩའི་ཆ་ནས་མེད་པ་བཟོས། མ་ཡུམ་ཆུ་བོ་དང་མཚེའུ88ཀྱི་སྐྱེ་ཁམས་ཉམས་གསོ་བྱེད་པར་སྐུལ་འདེད་བཏང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་། རང་རྒྱལ་གྱིས་ད་དུང་ཐའེ་ཧུའུ་མཚེའུ་དང་། ཏན་ཅང་གྲུ་ཁའི་ཆུ་མཛོད་ཁུལ། པའེ་དབྱང་ཏེན། ཝུའུ་ལེང་སུའུ་ཧའེ་རྒྱ་མཚོ་སོགས་གཙོ་གནད་མཚེའུ་མཛོད30ཡི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་སྤྱི་འདོམས་སྤེལ་བ་དང་། གཙང་པོ་དང་མཚེའུ150ཡི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་།
ཨེར་ཧའེ་རྒྱ་མཚོ་དང་བར་ཐག་སྤྱི་ལེ་སྟོང་ཕྲག་ཁ་ཤས་ཡོད་པའི་ཞིན་ཅང་ཧོ་ཐེན་ས་ཁུལ་གྱི་རྨིན་ཧྥིན་རྫོང་དུ། སྐྱེ་ཁམས་འགག་སྒྲོལ་གྱི་ལས་ཀ་གཞན་ཞིག་ཀྱང་མགྱོགས་མྱུར་ངང་སྤེལ་བཞིན་ཡོད། དེ་ནི“བྱང་གསུམ”ལས་གཞིའི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ཆེན་པོ་གསུམ་གྱི་གྲས་ཡིན་པའི“རྨ་ནུབ་དོག་ལམ—ཐ་ཁེ་ལ་མ་ཀན་བྱེ་ཐང་མཐའ་མཚམས་འགོག་རྒོལ་དམག་འཐབ”ཀྱི་གཡུལ་ས་གཙོ་བོ་ཡིན་པ་དང་། ས་གནས་ཀྱིས“རྩྭ་དྲས་བྱེ་བརྟན་དང་སྡོང་ཕྲུག་སྔོ་ལྗང་དུ་འགྱུར་བའི”རིམ་བརྩེགས་བྱེད་ཐབས་སྤྱད་དེ་འཁོར་རྒྱུག་གི་བྱེ་སྒང་སྲ་བརྟན་དུ་བཏང་བ་རེད། རླུང་འགོག་བྱེ་འཇགས་དང་ཆུ་རྡུལ་རླངས་འགྱུར་ཇེ་ཉུང་དུ་བཏང་ནས། བྱེ་སྐྱེས་རྩི་ཤིང་གསོན་ཚད་མཐོ་རུ་གཏོང་བ་དང་། ནགས་གླིང་དང་སིལ་ཏོག་ལས་རིགས་སྤེལ་ནས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཞིན་ཅང་ཧོ་ཐེན་ས་ཁུལ་རྨིན་ཧྥུང་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅ་ལེ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ང་ཚོས་བྱེ་བཅོས་ལས་འགན་མུའུ་ས་ཡ་གཉིས་དང་འབུམ་གཅིག་ལེགས་སྒྲུབ་བྱ་རྩིས་ཡོད། བྱེ་ཚེར་དང་། ཤིང་མངར་སོགས་བྱེ་ས་ལ་འཚམ་པའི་ཁྱད་ལྡན་སྐྱེ་དངོས་བཏབས་ཏེ། ཚད་ལྡན་ཅན་གྱི་ལས་སྣོན་བཟོ་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་སྐྱེ་ཁམས་ཇེ་ལེགས་དང་ཐོན་ལས་སྟོབས་ལྡན། མང་ཚོགས་ཀྱི་ཡོང་སྒོ་ལེགས་པ་མངོན་འགྱུར་བྱུང་ཡོད།
“བྱང་གསུམ”བཟོ་སྐྲུན་འགག་སྒྲོལ་བྱ་བ་སྤེལ་འགོ་ཚུགས་ནས་ལོ་གསུམ་གྱི་རིང་བཅོས་སྐྱོང་ལས་འགན་ས་མུའུ་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་ལྔ་ལེགས་གྲུབ་བྱུང་ཡོད། འཆར་འགོད་ལྟར་ན། 2030ལོར་སླེབས་དུས། “བྱང་གསུམ”བཟོ་སྐྲུན་ཁུལ་ཧྲིལ་པོའི་ནགས་རྩྭ་ཁྱབ་ཚད40.9%ཟིན་རྒྱུ་དང་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱས་ཚད67%ཟིན་རྒྱུ་རེད།
བྱེ་མ་སྲ་བརྟན་དུ་གཏོང་དགོས་ལ་ནགས་ཚལ་ལ་ཡང་སྲུང་སྐྱོབ་བྱ་དགོས། གསོམ་དམར་ནི་ཞའོ་ཞིན་ཨན་ལིང་གི་སྐྱེ་ཁམས་མཆོག་ནོར་ཡིན། སྐྱེ་ཚད་དལ་བས། སྤྱིར་བཏང་དུ་མྱུ་གུ་ལོ་བཞིའི་རིང་ལ་གསོ་དགོས།